ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཁི་སི་ཐན་ཕྱོགས་ཀྱིས་ཕ་ཁི་སི་ཐན་དང་རྒྱ་གར་བར་དུ་ཁི་ཧྲི་མུས་ཨར་ས་ཁུལ་ནས་བྱུང་བའི་འཁྲུག་རྩོད་ཁྲོད་ནས་ཕ་ལེ་སི་ཐན་གྱི་དམག་མི་བཞི་རྐྱེན་ལམ་དུ་ཤོར་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། རྒྱ་གར་དམག་ཕྱོགས་ཀྱིས་ཉིན་དེར་ཁི་ཧྲི་མུས་ཨར་ས་ཁུལ་གྱི་ཕ་ཁི་སི་ཐན་དང་རྒྱ་གར་གྱི་ས་མཚམས་ཉེ་འདབས་ནས་ཕ་ཁི་སི་ཐན་ཕྱོགས་ཀྱི་དམག་དཔུང་གི་རླངས་འཁོར་ཞིག་ལ་མེ་མདས་བརྒྱབ་པ་དང་། ཕ་ཁི་སི་ཐན་གྱི་དམག་མི་བཞི་ཆུ་ནང་དུ་ལྷུང་ནས་རྐྱེན་ལམ་དུ་ཤོར་ཟེར།

ཕ་ཁི་སི་ཐན་དམག་གསུམ་གསར་འགྱུར་ཁང་གི་འགོ་གཙོ་ཨ་ཞི་ཧྥུའུ་ཅ་ཧྥུའུ་ཨར་གྱིས་ཉིན་དེར་གསལ་སྒྲོག་ཅིག་གི་ནང་དུ་བཤད་རྒྱུར། ཕ་ཁི་སི་ཐན་དམག་ཕྱོགས་ཀྱི་རླངས་འཁོར་དེར་རྒྱ་གར་དམག་དཔུང་གི་མེ་མདའ་ཕོག་རྗེས་ཉི་ལུའུ་མུའུ་གཙང་བོའི་ནང་དུ་ལྷུང་བ་དང་། རླངས་འཁོར་སྟེང་གི་དམག་མི་བཞི་རྐྱེན་ལམ་དུ་ཤོར། མིག་སྔར་དེའི་ནང་གི་དམག་མི་གཅིག་གི་བེམ་པོ་རྙེད་ཡོད་ཟེར། ཅ་ཧྥུའུ་ཨར་གྱིས་ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་རྒྱ་གར་དམག་ཕྱོགས་ཀྱི་འཇབ་རྒོལ་ལ་རྒོལ་ལན་སྤྲད་པ་ཡིན་ཞེས་བཤད།

ཅ་ཧྥུའུ་ཨར་གྱིས་ཉིན་དེའི་སྔ་མོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཞིག་གི་སྟེང་བཤད་རྒྱུར། ད་ལོར་རྒྱ་གར་གྱིས་ཁི་ཧྲི་མུས་ཨར་གྱི་ས་ཁུལ་གྱི་ཕ་ཁི་སི་ཐན་དང་རྒྱ་གར་གྱི་ས་མཚམས་ཉེ་འདབས་ནས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་དང་ཐེངས་ལྔ་བརྒྱ་དང་བརྒྱད་ཅུར་རྒྱབ་འགལ་བྱས་པ་དང་དེ་ནི་ལོ་རྒྱུས་སྟེང་ཆེས་མང་བའི་ལོ་རེད་ཟེར།

ཁོས་བཤད་རྒྱུར། རྒྱ་གར་གྱི་དམག་མིས་ཁི་ཧྲི་མུས་ཨར་ས་ཁུལ་ནས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་དང་རྒྱབ་འགལ་བྱས་པའི་དམིགས་ཡུལ་ནི་འཛམ་གླིང་གི་མི་རྣམས་ཀྱིས་རྒྱ་གར་གྱིས་ཚོད་འཛིན་བྱས་ཡོད་པའི་ཁི་ཧྲི་མུས་ཨར་ས་ཁུལ་གྱི་མི་དམངས་ཀྱིས་ཁྲིམས་མཐུན་ཁེ་དབང་བརྩོན་ལེན་བྱེད་པའི་འཐབ་རྩོད་ལ་དོ་སྣང་མི་བྱེད་པའི་ཆེད་ཡིན་པ་མ་ཟད། རྒྱ་གར་གྱིས་ས་དེ་ནས་བཟོས་པའི་འགྲོ་མིའི་ཐོབ་ཐང་ལ་གནོད་ཚབས་ཆེན་བསྐྱལ་བའི་ནག་ཉེས་འགེབ་པའི་ཆེད་དུ་རེད་ཟེར། ཁོས་རྒྱ་གར་གྱིས་མི་སེར་སྡོད་ཁུལ་ལ་མེ་མདས་བརྒྱབ་ཆོག་ན་ཡང་ཕ་ཁི་སི་ཐན་ཕྱོགས་ཀྱིས་དེ་ལྟར་གཏན་ནས་བྱེད་མི་སྲིད་ཅེས་བཤད།

རྒྱ་གར་ཕྱོགས་ནས་ཕ་ཁི་སི་ཐན་ཕྱོགས་ཀྱི་བཤད་ཚུལ་དེར་ལན་ཅི་ཡང་མ་བཏབ།

གཅིག་སྟོང་དགུ་བརྒྱ་ཞེ་བདུན་ལོར་ཕ་ཁི་སི་ཐན་དང་རྒྱ་གར་གཉི་གས་ཕྱོགས་སོ་སོ་ནས་ཁི་ཧྲི་མུས་ཨར་ལ་དབང་བསྒྱུར་བྱས་རྗེས། ཕ་ཁི་སི་ཐན་དང་རྒྱ་གར་བར་དུ་ཁི་ཧྲི་མུས་ཨར་ས་ཁུལ་ནས་འཐབ་འཁྲུག་ཐེངས་གཉིས་ལ་བྱུང་། ཉིས་སྟོང་གསུམ་ལོར་ཕྱོགས་གཉིས་ཀྱིས་ཁི་ཧྲི་མུས་ཨར་གྱི་རྒྱ་གར་དང་ཕ་ཁི་སི་ཐན་གྱི་ས་མཚམས་ནས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་བཀོད། ཉེ་བའི་ལོ་འགའི་རིང་ལ་ཁི་ཧྲི་མུས་ཨར་ས་ཁུལ་གྱི་གནས་བབ་སྤྱིར་བཏང་གིས་ཞི་འཇགས་སུ་སོང་ཡོད་ནའང་། ཕྱོགས་གཉིས་བར་གྱི་འགལ་བ་མཚམས་ཆད་ཀྱིན་མེད། ཟླ་འདིའི་ནང་དུ་ཕྱོགས་གཉིས་བར་དུ་ས་མཚམས་ཉེ་འདབས་ནས་བསྟུད་མར་འཁྲུག་རྩོད་བྱུང་སྟེ། མི་མང་པོ་ཤི་རྨས་བཟོས། ཕྱོགས་གཉིས་ཀྱིས་ཕ་རོལ་བས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ལ་གཏོར་བརླགས་བྱས་པ་རེད་ཅེས་ཕན་ཚུན་ལ་སྐྱོན་བརྗོད་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།