ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དམག་ཕྱོགས་ཀྱིས་ཕ་ལེ་སི་ཐན་གྱི་འཇབ་རྒོལ་བ་ཞིག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་དམག་ཕྱོགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་དམག་མིས་ཚེས་བཅོ་བརྒྱད་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གྲོང་ཁྱེར་ཞི་པོ་ལུན་ཉེ་འདབས་ནས་མེ་མདས་བརྒྱབ་སྟེ་རླངས་འཁོར་བསྐོར་ནས་དབྱི་སི་རལ་གྱི་དམག་མི་ལ་འཇབ་རྒོལ་བྱེད་པའི་ཕ་ལེ་སི་ཐན་པ་ཞིག་བསད་ཟེར།

དབྱི་སི་རལ་དམག་ཕྱོགས་ཀྱི་མགྲིན་ཚབ་པས་ཉིན་དེར་གསལ་སྒྲོག་ཐུང་ངུ་ཞིག་སྤེལ་ནས་བཤད་རྒྱུར། ཕ་ལེ་སི་ཐན་གྱི་མི་དེས་རླངས་འཁོར་བསྐོར་ནས་ལམ་ཁའི་དབྱི་སི་རལ་གྱི་དམག་མི་ལ་ཐོ་བརྒྱབ་སྟེ། དམག་མི་གཉིས་རྨས་པས། དབྱི་སི་རལ་གྱི་དམག་མིས་མེ་མདས་བརྒྱབ་སྟེ་འཇབ་རྒོལ་བ་དེ་བསད་པ་ཡིན་ཟེར།

གཞན་ཡང་གནས་ཚུལ་དེ་མཐོང་མཁན་གྱིས་བཤད་པ་ལྟར་ན། ཕ་ལེ་སི་ཐན་གྱི་ཨང་རྟགས་བཀལ་བའི་རླངས་འཁོར་ཞིག་ལ་ཞི་པོ་ལུན་ཉེ་འདབས་ཀྱི་ལམ་ཁ་ཞིག་ནས་དབྱི་སི་རལ་གྱི་དམག་མིའི་མེ་མདའ་ཕོག་སྟེ། རླངས་འཁོར་བསྐོར་མཁན་གྱི་ཕ་ལེ་སི་ཐན་པ་དེ་རྐྱེན་ལམ་དུ་ཤོར། དེའི་རྗེས་སུ་དབྱི་སི་རལ་གྱི་དམག་མིས་ལམ་ཁ་དེ་བཀག་སྡོམ་བྱས་པས། ཕ་ལེ་སི་ཐན་གྱི་ཟླ་གསར་དམར་པོ་ཚོགས་པའི་མྱུར་སྐྱོབ་རླངས་འཁོར་གནས་དེར་འདས་པོའི་བེམ་པོ་སྐྱེལ་དུ་འགྲོ་མ་ཐུབ་ཟེར།

ཉེ་སྔོན་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་འཁྲུག་རྩོད་དང་འཇབ་རྒོལ་དོན་རྐྱེན་མང་པོ་བྱུང་། ཟླ་བདུན་པའི་ཚུན་ལ་གོང་གི་དོན་རྐྱེན་དེ་དང་བཅས་པའི་དོན་རྐྱེན་སྣ་ཚོགས་ཁྲོད་ནས། ཕ་ལེ་སི་ཐན་གྱི་མི་དྲུག་དབྱི་སི་རལ་གྱི་དམག་མིས་མེ་མདས་བརྒྱབ་སྟེ་བསད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།