ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉི་གས་སི་རི་ཡ་ནས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་བཀོད་པ་དང་དབྱི་སི་རལ་གྱི་ཙུང་ལིས་དེར་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་དཔོན་རིགས་ཤིག་གིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཨ་མེ་རི་ཁི་དང་ཨུ་རུ་སིས་བཀོད་པའི་སི་རི་ཡའི་ལྷོ་ནུབ་ཕྱོགས་ནས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ལ་ངོ་རྒོལ་བྱས་པ་དང་། དེའི་རྒྱུ་མཚན་ནི་དེ་ལྟར་བྱས་ན་དབྱི་ལང་སི་རི་ཡ་ནས་བརྟན་འཇགས་སྒོས་གནས་ཐུབ་པའི་རྐྱེན་རེད་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ཟླ་འདིའི་འགོར་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཧན་པའོ་མཐོ་རིམ་གྲོས་ཚོགས་སྐབས་སུ་སི་རི་ཡའི་ལྷོ་ནུབ་ཕྱོགས་ནས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་བཀོད་པ་དང་། ཀི་ལིན་ཉི་ཀྲིའི་དུས་ཚོད་ཟླ་བདུན་པའི་ཚེས་དགུ་ཉིན་གྱི་དུས་ཚོད་དགུ་ནས་བཟུང་། དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་དེ་སི་རི་ཡའི་ཏི་ལཱ་ཞིང་ཆེན་དང་ཁུའུ་ནའེ་ཐི་ལཱ་ཞིང་ཆེན། སུའུ་ཝེ་ཏ་ཞིང་ཆེན་བཅས་ནས་ལག་བསྟར་བྱེད་འགོ་བརྩམས།

ཧྥ་རན་སིའི་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱིས་ཚོད་འཛིན་བྱས་ཡོད་པའི་ཀི་ལན་ས་མཐོ་ཡང་གོང་གི་ས་ཁོངས་ནང་དུ་ཡོད་ལ། སི་རི་ཡ་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣའི་བར་གྱི་འཐབ་འཁྲུག་མཚམས་ལ་རེར་ཀི་ལན་ས་མཐོ་རུ་རྒྱག་སྲིད་པས། དབྱི་སི་རལ་གྱིས་དེར་རྒོལ་ལན་སྤྲོད་བཞིན་ཡོད་ཟེར།

དེས་མི་ཚད་ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡའི་ནང་འཁྲུག་བྱུང་རྗེས། དབྱི་སི་རལ་གྱིས་སི་རི་ཡའི་ས་ཁུལ་གཞན་དག་ལ་ཡང་བར་སྣང་ནས་ཐེངས་མང་པོར་འཇབ་རྒོལ་བྱས་མྱོང་བ་དང་། དེའི་དམིགས་ཡུལ་ནི་ལེ་པ་ནུན་ཀྲིན་ཀྲུའུ་ཏང་གི་མཚོན་ཆ་སྐྱེལ་འདྲེན་གྱི་རླངས་འཁོར་རུ་ཁག་དང་མཛོད་ཁང་ཡིན་ཟེར།

དབྱི་སི་རལ་གྱི་རྒྱལ་ཁོངས་ཚགས་པར་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས་བཅུ་དྲུག་ཉིན་ཕ་རེ་སི་ནས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཐུག་འཕྲད་བྱེད་སྐབས། ཨ་མེ་རི་ཁ་དང་ཨུ་རུ་སིས་བཀོད་པའི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ལ་ངོ་རྒོལ་བྱེད་པའི་ཚུལ་བསྟན་ཟེར།

རྒྱལ་ཁོངས་ཚགས་པར་གྱིས་དཔོན་རིགས་ཤིག་གི་སྐད་ཆ་དྲངས་པ་ལྟར་ན། དབྱི་སི་རལ་གྱིས་ཁ་ཚོད་གཅོད་ཐུབ་པ་ནི། དབྱི་ལང་གིས་སི་རི་ཡ་ནས་རང་གི་སྟོབས་ཤུགས་རྒྱ་བསྐྱེད་འདོད་ཡོད་ལ། དམག་དོན་བློ་འདོན་པ་ཁ་སྣོན་བྱེད་འདོད་ཡོད་པ་མ་ཟད། ད་དུང་སི་རི་ཡ་ནས་དབྱི་ལང་གི་དམག་ཕྱོགས་ལ་མཁའ་དམག་དང་མཚོ་དམག་གི་རྟེན་གཞི་བཙལ་འདོད་ཡོད་པ་དང་། ཐ་ན་དམག་དཔུང་ས་དེ་ནས་བཅའ་སྡོད་བྱིས་འདོད་ཡོད་པ་དེ་ཡིན་ཟེར།

ནེ་ཐ་ཉི་ཡ་ཧུའུ་ཡིས་དེའི་སྔོན་ལ་དབྱི་ལང་ནི་དབྱི་སི་རལ་དང་དབུས་ཤར་ས་ཁུལ། ཐ་ན་འཛམ་གླིང་ཡོངས་མཚོན་ན་འཇིགས་སྣང་ཞིག་ཡིན་ཞེས་ཐེངས་མང་པོར་བཤད་མྱོང་།

ཨུ་རུ་སིའི་འཁོར་སྐར་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་ཕྱོགས་ཀྱི་སེམས་ཁུར་ཐད་ནས། ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཞའོ་ཨིན་སི་ཕའེ་སའེ་ཡིས་ཚེས་བཅུ་བདུན་ཉིན་ལན་འདེབས་རྒྱུར། ཨ་མེ་རི་ཁས་མུ་མཐུད་དུ་དོན་དེའི་ཐད་ནས་དབྱི་སི་རལ་ལ་གྲོས་སྡུར་བྱེད་རྒྱུ་ཡིན་པ་དང་། དབྱི་ལང་གི་སྟོབས་ཤུགས་སི་རི་ཡའི་ལྷོ་ཕྱོགས་ནས་རྐང་ཚུགས་མི་ཐུབ་པར་ཁག་ཐེག་བྱེད་པའི་ཐད་ནས། ང་ཚོ་དང་དབྱི་སི་རལ་བར་དུ་ཐུན་མོང་གི་ཁེ་ཕན་ཡོད་ཅེས་བཤད་ཟེར།

ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་སྟེ་གྲོས་ཁང་གོང་མའི་ཕྱི་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ས་ཏེན་ཐན་ཏེན་ཁོ་སཱ་ཆེ་ཧྥུའུ་ཡིས་བཤད་རྒྱུར། སི་རི་ཡའི་དམག་འཁྲུག་མཚམས་འཇོག་པར་བྱེད་ཆེད། ཨ་མེ་རི་ཁས་དབྱི་སི་རལ་ལ་ཕྱོགས་བསྡུས་རང་བཞིན་གྱི་གྲོས་མོལ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།