ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མན་ཏི་ལཱ་རྒྱལ་སྤྱིའི་ཉིན་མོར་དྲན་གསོ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་གཅིག་པས་ཚེས་བཅོ་བརྒྱད་ཉིན་ནཱ་ཨར་ཞུང་མན་ཏི་ལཱ་རྒྱལ་སྤྱིའི་ཉིན་མོའི་དྲན་གསོའི་ཚོགས་ཆེན་བསྡུས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཐང་མུའུ་སིན་དང་བཅས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བ་སྒྲུབ་མཁན་མང་པོ་ད་དུང་ཉིན་དེར་དང་བླངས་པའི་བྱ་འགུལ་ལ་ཞུགས་ནས་ཉིན་མོ་དེར་དྲན་གསོ་ཞུས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚོགས་འདུའི་སྟེང་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། མན་ཏི་ལཱ་ལ་གུས་འདུད་ཞུ་ཚུལ་ཆེས་བཟང་པོ་ནི་སྐད་ཆ་དང་མཛད་སྒོ་མིན་པར་འཛམ་གླིང་ལེགས་བཅོས་བྱེད་པའི་འགུལ་སྐྱོད་ཡིན། དེ་རིང་མཉམ་འབྲེལ་རྒྱལ་ཚོགས་དང་མན་ཏི་ལཱ་ཐེབས་རྩ་ཚོགས་པས་འཛམ་གླིང་གི་ས་ཆ་སོ་སོའི་མང་ཚོགས་ཀྱིས་སྡོད་ཁུལ་ནས་ནུས་པ་འདོན་སྤེལ་བྱས་ཏེ། རྒྱུན་སྲིང་གི་འགྱུར་ལྡོག་འབྱུང་བར་བྱེད་རྒྱུའི་འབོད་སྐུལ་བཏང་བ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ཡོངས་ན་ཡོད་པའི་བྱ་བ་སྒྲུབ་མཁན་གྱིས་དང་བླངས་པའི་བྱ་འགུལ་ལ་ཞུགས་ཏེ་ཉིན་མོ་འདི་ལ་དྲན་གསོ་ཞུས་ནས། སྔར་ལས་ཞི་བདེ་དང་རྒྱུན་སྲིང་། འདྲ་མཉམ་བཅས་ཀྱི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཐང་མུའུ་སིན་གྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། དེང་སྐབས་ཀྱི་འཛམ་གླིང་དྲག་ཤུགས་འཁྲུག་རྩོད་བསྟུད་མར་འབྱུང་བ་དང་། འདྲ་མཉམ་མིན་པའི་སྣང་ཚུལ་ཛ་དྲག་ཏུ་འགྱུར་བ། དབུལ་ཕོངས་ཡིན་པ། ཁོར་ཡུག་ཚད་ལས་བརྒལ་ནས་བེད་སྤྱོད། ནམ་ཟླའི་འགྱུར་ལྡོག་སོགས་ཀྱི་གནད་དོན་ལ་འཕྲད་ཡོད་པས། མན་ཏི་ལཱའི་རིན་ཐང་ལྟ་བ་སྟེ་སྙིང་རྗེ་དང་གཞུང་དྲང་། བརྩི་བཀུར་བཅས་ཀྱི་ཐུན་མོང་གི་མི་གཤིས་ཧ་ཅང་དགོས་གཏུགས་ཆེ། རིན་ཐང་ལྟ་བ་འདི་དག་གིས་ང་ཚོས་འབད་བརྩོན་ཆེན་པོས་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་འཕེལ་རིམ་མངོན་འགྱུར་བྱེད་པར་ཡར་སྐུལ་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཁོས་ཉིན་དེའི་ཕྱི་དྲོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བ་སྒྲུབ་མཁན་དང་མཉམ་དུ་ཉིག་ཡའོ་གྲོང་ཁྱེར་གྱི་ལན་ཏི་ཨར་གླིང་ཕྲན་སྟེང་མཚོ་འགྲམ་གྱི་གད་སྙིགས་གཙང་སེལ་བྱས་ཏེ། མན་ཏི་ལཱ་རྒྱལ་སྤྱིའི་ཉིན་མོར་དྲན་གསོ་ཞུ་རྒྱུ་ཡིན་ཟེར།

མན་ཏི་ལཱ་ནི་གཅིག་སྟོང་དགུ་བརྒྱ་བཅོ་བརྒྱད་ལོའི་ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱི་ཚོ་དཔོན་ཞིག་གི་ཁྱིམ་དུ་སྐྱེས་ལ། རིགས་རྒྱུད་འདྲ་མཉམ་དང་དམངས་གཙོའི་ལས་དོན་གྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་པ་དང་། བཙོན་ཁང་དུ་ལོ་ཉེར་བདུན་ལ་བསྡད་མྱོང་། ཁོའི་འབད་བརྩོན་འོག་ཏུ། ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱིས་མཇུག་མཐར་ཞི་བདེའི་རྣམ་པས་རིགས་རྒྱུད་འབྲེལ་གཅོད་ལམ་ལུགས་མེད་པར་བཏང་། གཅིག་སྟོང་དགུ་བརྒྱ་གོ་བཞི་ལོའི་ཟླ་ལྔ་པར། མན་ཏི་ལཱ་ཨ་ཧྥེ་རི་ཁ་ལྷོ་མའི་མི་ནག་གི་ཙུང་ཐུང་ཐོག་མར་གྱུར། ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། དགུང་ལོ་གོ་ལྔར་སོན་པའི་མན་ཏི་ལཱ་ལ་སྙུང་གཞི་ཕོག་ནས་སྐུ་གཤེགས།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཉིས་སྟོང་དགུ་ལོའི་ཟླ་བཅུ་གཅིག་པར་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ནས། ཉིས་སྟོང་བཅུ་ལོ་ནས་བཟུང་ལོ་རེའི་ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་ནི་ནཱ་ཨར་ཞུང་མན་ཏི་ལཱ་རྒྱལ་སྤྱིའི་ཉིན་མོར་ཐག་བཅད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།