ཀྲུང་གོ་བོད་ཀྱི་དྲ་བ།

ཏུའུ་ཐི་ཨར་ཐི་ཡིས་དམག་ཤུགས་བསྡུ་རུབ་བྱས་ནས་ཧྥི་ལི་ཕིན་གུང་ཁྲན་ཏང་བར་གྱི་འཐབ་འཁྲུག་ཡང་བསྐྱར་མགོ་རྩོམ་རྒྱུ་ཡིན་ཞེས་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥི་ལི་ཕིན་གུང་ཁྲན་ཏང་དྲག་ཆས་ཀྱིས་ཚེས་ཉེར་གཅིག་ཉིན་ཡང་བསྐྱར་ཧྥི་ལི་ཕིན་གྱི་ཉེན་རྟོག་པར་འཇབ་རྒོལ་བྱས་པ་དང་། ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་ཡིས་ཉིན་དེར་བཤད་རྒྱུར། མཱ་ལ་ཝེ་ཡི་འཐབ་འཁྲུག་མཇུག་རྫོགས་རྗེས་དམག་ཤུགས་བསྡུ་རུབ་བྱས་ནས་ཧྥི་གུང་བར་གྱི་འཐབ་འཁྲུག་ཡང་བསྐྱར་མགོ་རྩོམ་རྒྱུ་ཡིན་པ་དང་། ཐ་ན་ཡང་བསྐྱར་ལོ་ངོ་ལྔ་བཅུར་རྒྱུན་བསྲིང་བའི་འཐབ་འཁྲུག་ཅིག་རྒྱག་དགོས་ཀྱང་ཕངས་སེམས་མེད་ཟེར།

ཏུའུ་ཐི་ཨར་ཐི་ཡིས་ཉིན་དེའི་ཕྱི་དྲོར་བྱ་འགུལ་ཞིག་ལ་ཞུགས་སྐབས་གོང་གི་སྐད་ཆ་དེ་བཤད་པ་དང་། ཁོས་བཤད་རྒྱུར། ཧྥི་གུང་བར་དུ་གླེང་མོལ་བྱེད་པ་མི་དུས་ཚོད་ཆུད་ཟོས་སུ་བཏང་བ་དེ་ཡིན་པས། གླེང་མོལ་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར།

ཉིན་དེར། ཧྥི་གུང་དྲག་ཆས་རྩ་འཛུགས་མི་དམངས་དམག་གསར་གྱིས་ཧྥི་ལི་ཕིན་དབུས་རྒྱུད་ཀྱི་ཏུང་ནེ་ཀི་ལོ་སི་ཞིང་ཆེན་དུ་འཇབ་རྒོལ་བྱས་ནས། ཉེན་རྟོག་པ་དྲུག་ནང་དུ་འདུ་བའི་མི་བདུན་རྐྱེན་ལམ་དུ་ཤོར།

ཧྥི་ལི་ཕིན་སྲིད་གཞུང་དམག303སྟོང་ཤོག་གི་མགྲིན་ཚབ་པ་ལིས་ཡཱ་ནེ་སི་ཡིས་བཤད་རྒྱུར། ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར། གྲངས་ཀ་མི་གསལ་བའི་མི་དམངས་དམག་གསར་གྱིས་ཏུང་ནེ་ཀི་ལོ་སི་ཞིང་ཆེན་ཅི་ཧུའུ་ཨེ་འན་གྲོང་ཁྱེར་གྱི་གྲོས་མི་ཞིག་ལ་འཇབ་རྒོལ་བྱས་ནས། དེའི་ཁ་ལོ་བ་ས་དེ་ནས་ཤི་བ་དང་། གྲོང་ཁྱེར་གྱི་གྲོས་མི་དེ་སྟབས་ལེགས་ནས་སྲོག་ཉེན་ལས་ཐར། ཉེན་རྟོག་པ་ཡུལ་དངོས་སུ་ཐོན་རྗེས་དྲག་ཆས་མི་སྣ་སྐོར་དེའི་འཇབ་རྒོལ་ཐེབས་ནས། གྲོང་ཁྱེར་དེའི་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་ནང་དུ་འདུ་བའི་ཉེན་རྟོག་པ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། ཉེན་རྟོག་པ་གསུམ་ལ་རྨས་ཕོག

མིག་སྔར། སྲིད་གཞུང་དམག་གིས་དོན་རྐྱེན་བྱུང་བའི་ས་ཁུལ་ལ་དམག་གཏོང་ཚད་ཇེ་མང་དུ་བཏང་བ་དང་། དེ་དང་མཉམ་དུ་དམག་དཔུང་མངག་ནས་བདའ་འདེད་བྱས།

ཉེ་ལམ། ཧྥི་ལི་ཕིན་སྲིད་གཞུང་དང་ཧྥི་ལི་ཕིན་གུང་ཁྲན་ཏང་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་སོང་བ་དང་། ཚེས་བཅུ་དགུ་ཉིན་ཧྥི་ལི་ཕིན་གྱི་ཙུང་ཐུང་བཞུགས་ཤག་གི་སྲུང་སྐྱོབ་རུ་ཁག་དང་མཚོ་དམག་སྐམ་འཛིང་རུ་ཁག་ལ་ལྷོ་རྒྱུད་ས་ཁུལ་ནས་བསྟུད་མར་ཧྥི་གུང་དྲག་ཆས་མི་སྣ་འཇབ་རྒོལ་ཐེབས་ནས། དམག་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་པོར་རྨས་ཕོག དེའི་རྗེས་ཧྥི་ལི་ཕིན་སྲིད་གཞུང་གིས་སྤྱིར་གཏན་ཁེལ་བྱས་ཡོད་པའི་ཧྥི་ལི་ཕིན་གུང་ཁྲན་ཏང་བར་གྱི་གྲོས་མོལ་བསྡུ་རྒྱུ་མིན་ཞེས་བསྒྲགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།