ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡའི་དམག་ཕྱོགས་ཀྱིས་ཏ་མ་སི་ཁོའི་ཤར་འདབས་ནས་དམག་འཁྲུག་མཚམས་བཞག་པ་ཡིན་ཞེས་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡའི་དམག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་བསྒྲགས་རྒྱུར། རྒྱལ་ས་ཏ་མ་སི་ཁོའི་ཤར་འདབས་ཀྱི་ཀུའུ་ཐ་ཤར་མ་ས་ཁུལ་ནས་དམག་འཁྲུག་མཚམས་བཞག་པ་དང་། དམག་འཁྲུག་ཉིན་དེའི་དུས་ཚོད་བཅུ་གཉིས་ནས་བཟུང་མཚམས་བཞག་པ་ཡིན་ཟེར།

སི་རི་ཡའི་དམག་ཕྱོགས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། དམག་འཁྲུག་མཚམས་འཇོག་པར་གཏོར་བརླག་བྱས་ན་སྲིད་གཞུང་དམག་གིས་དེར་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།

གཞན་ཡང་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཉིན་དེའི་སྔ་མོར་བཤད་རྒྱུར། དམག་འཁྲུག་རྒྱག་པའི་ཕྱོགས་སོ་སོའི་བར་དུ་ཀུའུ་ཐ་ཤར་མ་ས་ཁུལ་ནས་དམག་འཁྲུག་མཚམས་འཇོག་པའི་ཐད་ནས་གྲོས་མཐུན་བཀོད་ཟེར།

ཟླ་ལྔ་བའི་འགོར། ཨུ་རུ་སི་དང་ཐུར་ཁེ། དབྱི་ལང་རྒྱལ་ཁབ་གསུམ་གྱི་འཐུས་མིས་བཟོད་སྒོམ་བརྗེད་ཐོ་བཀོད་པ་དང་། བརྗེད་ཐོའི་ནང་དུ་སི་རི་ཡའི་ནུབ་བྱང་ཕྱོགས་ཀྱི་དབྱི་ཏི་ལེ་པུའུ་ཞིང་ཆེན་དང་དབུས་ཕྱོགས་ཀྱི་ཧོ་མུའུ་སི་ཞིང་ཆེན། ཏ་མ་སི་ཁོའི་འདབས་རོལ་དང་སི་རི་ཡའི་ལྷོ་ཕྱོགས་ས་ཁུལ་བཅས་ནས་དམག་འཁྲུག་མཚམས་འཇོག་པའི་ནང་དོན་འདུ། དེའི་རྗེས་སུ་ཕྱོགས་གཉིས་བར་དུ་ད་དུང་རེས་འགར་དམག་འཁྲུག་བྱུང་།

ཟླ་བདུན་པའི་ཚེས་གསུམ་ཉིན། སི་རི་ཡའི་དམག་ཕྱོགས་ཀྱིས་སི་རི་ཡའི་ལྷོ་ཕྱོགས་ས་ཁུལ་ནས་དམག་འཁྲུག་མཚམས་བཞག་པ་ཡིན་ཞེས་བསྒྲགས། ཟླ་བདུན་པའི་ཚེས་ལྔ་ཉིན། ཨུ་རུ་སི་དང་ཐུར་ཁེ། དབྱི་ལང་བཅས་རྒྱལ་ཁབ་གསུམ་གྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ནས། ཕྱོགས་གསུམ་གྱིས་སི་རི་ཡ་ནས་དམག་འཁྲུག་མཚམས་འཇོག་པའི་ས་ཁུལ་གཏན་ཁེལ་བྱེད་པའི་ཐད་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུ་ཡིན་ཞེས་བཤད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།