ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་དམག་ཕྱོགས་ཀྱིས་ཞི་ནའེ་ཕྱེད་གླིང་དུ་ཐལ་སྤྱོད་མི་སྣ་བཞི་བཅུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་དམག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཨེ་ཅིབ་ཀྱི་དྲག་ཆས་དམག་དཔུང་གིས་འགུལ་སྐྱོད་རབ་དང་རིམ་པའི་ཁྲོད་དུ་ཐལ་སྤྱོད་མི་སྣ་བཞི་བཅུ་བསད་པ་དང་མི་ལྔ་འཛིན་བཟུང་བྱས་ལ། ཐལ་སྤྱོད་མི་སྣའི་སྒྲིག་ཆས་དང་རླངས་འཁོར་མང་པོ་བརླགས་ཟེར།

གསལ་སྒྲོག་ནང་དུ་བཤད་རྒྱུར། ཨེ་ཅིབ་དམག་ཕྱོགས་ཀྱིས་ཞི་ནའེ་བྱང་མ་ཞིང་ཆེན་གྱི་ཐལ་སྤྱོད་མི་སྣ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་བསྟུད་མར་ཉིན་བདུན་ལ་ལ་སྤེལ་བ་དང་། ས་ངོས་དམག་དཔུང་གིས་མཁའ་དམག་ལ་གཞོགས་འདེགས་བྱས་ཏེ་ཨ་ལེ་ཧྲི་དང་ཞེ་ཧི་ཙུའུ་ཝེ་ཏི། ལཱ་ཧྥ་སོགས་གྲོང་ཁྱེར་གྱི་ཐལ་སྤྱོད་མི་སྣ་བསྐུངས་སར་འཇབ་རྒོལ་བྱས། འགུལ་སྐྱོད་ཁྲོད་དུ་དྲག་ཆས་དམག་དཔུང་གིས་ཐལ་སྤྱོད་མི་སྣའི་མཚོན་ཆ་ལས་ས་བརྒྱད་དང་། ཐལ་སྤྱོད་མི་སྣ་བསྐུངས་ས་ལྔ་བཅུ་ང་གཉིས། འགད་རྫས་བརྒྱ་ལྷག་བཅས་རྡུལ་དུ་བརླགས། རླངས་འཁོར་ཉི་ཤུ་ལྷག་རྡུལ་དུ་བརླགས་པ་དང་མཚོན་ཆ་དང་འཕྲིན་གཏོང་སྒྲིག་ཆས་མང་པོ་བླངས།

ཉེ་བའི་ཟླ་འགའི་རིང་ལ། ཨེ་ཅིབ་ཀྱི་བདེ་འཇགས་གནས་བབ་ཚབས་ཆེན་དུ་གྱུར། ཟླ་བཞི་ཚེས་དགུ་ཉིན་ཨེ་ཅིབ་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཐན་ཐཱ་དང་ཡ་ལེ་ཧྲན་ཏ་ལ་འཇིགས་སྐུལ་འཇབ་རྒོལ་ཐེབས་པ་དང་། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ཡིས་དེའི་རྗེས་སུ་ཨེ་ཅིབ་དུས་ཡུན་ཟླ་གསུམ་གྱི་ཛ་དྲག་གི་གནས་སུ་གྱར་བ་ཁྱབ་སྒྲོག་བྱས། ཟླ་འདིའི་ཚེས་བཅུ་ཉིན། ཨེ་ཅིབ་སྲིད་གཞུང་གིས་ཛ་དྲག་གི་གནས་བབ་དེ་ཟླ་གསུམ་ལ་ཇེ་རིང་དུ་བཏང་།

ད་ལོའི་ཟླ་བདུན་པར། ཞི་ནའེ་བྱང་མ་ཞིང་ཆེན་གྱི་ལཱ་ཧྥ་གྲོང་ཁྱེར་གྱི་ཞིབ་བཤེར་ས་ཚིགས་ཤིག་ལ་འགས་གཏོར་འཇབ་རྒོལ་ཐེབས་ནས། དམག་མི་བཅུ་རྐྱེན་ལམ་དུ་ཤོར། ཚེས་ཉེར་བཞི་ཉིན་གྱི་དགོང་མོར། ཞི་ནའེ་བྱང་མ་ཞིང་ཆེན་གྱི་ཨ་ལེ་ཧྲིན་གྲོང་ཁྱེར་ཉེ་འདབས་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས། མི་སེར་བདུན་རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།