ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་སོགས་རྒྱལ་ཁབ་བཞིས་ཁ་ཐར་ལ་འབྲེལ་བ་ཡོད་པའི་འཇིགས་སྐུལ་རིང་ལུགས་ཀྱི་མིང་ཐོར་ཁ་སྣོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་ཏི་ཨ་རབ་དང་ཨེ་ཅིབ། ཨ་རབ་རྒྱལ་ཁབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་པ་རེན་བཅས་རྒྱལ་ཁབ་བཞིས་ཚེས་ཉེར་ལྔ་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ནས། དེ་སྔོན་བསྒྲགས་པའི་ཁ་ཐར་ལ་འབྲེལ་བ་ཡོད་པའི་འཇིགས་སྐུལ་རིང་ལུགས་ཀྱི་མིང་ཐོར་ཁ་སྣོན་བྱས་ཏེ། མི་དགུ་དང་ལས་ཁུངས་དགུ་ཁར་སྣོན་རྒྱུ་ཡིན་ཞེས་བསྒྲགས།

གསར་དུ་མིང་ཐོའི་ནང་དུ་བསྣན་པ་ལ་ཁ་ཐར་གྱི་མི་གསུམ་དང་ཡེ་མིན་གྱི་མི་གསུམ། ལི་པི་ཡའི་མི་གཉིས། ཁོ་ཝེ་ཐི་ཡི་མི་གཅིག་བཅས་ཡོད། གསར་དུ་མིང་ཐོའི་ནང་དུ་བསྣན་པའི་ལས་ཁུངས་ནི་ཡེ་མིན་དུ་ཡོད་པ་དང་། ལས་ཁུངས་དྲུག་ནི་ལི་པི་ཡ་རུ་ཡོད། དེ་དག་རྟེན་གཞི་རྩ་འཛུགས་དང་སི་རི་ཡའི་འཇིགས་སྐུལ་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཉེས་མིང་བཏགས། རྒྱལ་ཁབ་བཞི་ཡིས་གསལ་སྒྲོག་ནང་དུ་བཤད་རྒྱུར། བྱེད་ཐབས་དེས་རྒྱལ་ཁབ་བཞི་བོས་མུ་མཐུད་དུ་འབད་བརྩོན་ཆེན་པོས་འཇིགས་སྐུལ་རིང་ལུགས་དང་ཐལ་སྤྱོད་རིང་ལུགས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་པ་དང་། འཇིགས་སྐུལ་རྩ་འཛུགས་ཀྱི་མ་རྩའི་ཡོངས་ཁུངས་གཅོད་རྒྱུ་ཡིན་པ་མཚོན་ཡོད་ཟེར།

ཟླ་དྲུག་པའི་ཚེས་དགུ་ཉིན། རྒྱལ་ཁབ་བཞི་བོ་དེས་མི་ང་དགུ་དང་ལས་ཁུངས་བཅུ་གཉིས་ཀྱིས་གྲུབ་པའི་འཇིགས་སྐུལ་རིང་ལུགས་ཀྱི་མིང་ཐོ་ཞིག་བསྒྲགས་པ་མ་ཟད། མི་དང་ལས་ཁུངས་དེ་དག་ཁ་ཐར་དང་འབྲེལ་བ་ཡོད་པའི་ཉེས་མིང་བཏགས། ཁ་ཐར་གོང་མ་ཚང་གི་ཁོངས་མི་དང་དཔོན་རིགས་མང་པོ་ཡང་མིང་ཐོའི་ནང་དུ་བཞག་ཡོད། ཁ་ཐར་སྲིད་གཞུང་གིས་ཉིན་དེར་བཤད་རྒྱུར། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ཀྱི་མིང་ཐོ་ལ་གཞི་འཛིན་ས་ཅི་ཡང་མེད་པ་དང་། ཁ་ཐར་གྱི་འཇིགས་སྐུལ་ངོ་རྒོལ་ལངས་ཕྱོགས་ནི་མིང་ཐོ་དེ་སྒྲོག་པའི་རྒྱལ་ཁབ་ཁ་ཤས་ལས་ཀྱང་བརྟན་པོ་ཡིན་ཟེར།

སོ་ཏི་ཨ་རབ་དང་ཨེ་ཅིབ། ཨ་རབ་རྒྱལ་ཁབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་པ་རེན་བཅས་རྒྱལ་ཁབ་བཞིས་ཟླ་དྲུག་པའི་ཚེས་ལྔ་ཉིན་ཁ་ཐར་གྱིས་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱས་པ་དང་ས་ཁུལ་གྱི་བདེ་འཇགས་ལ་གཏོར་བརླག་བྱས་པ་རྒྱུ་མཚན་དུ་བྱས་ནས། ཁ་ཐར་དང་འབྲེལ་མཚམས་བཅད་པ་ཁྱབ་སྒྲོག་བྱས་པ་མ་ཟད། ཁ་ཐར་ལ་དངོས་རྫས་སྐྱེལ་འདྲེན་བྱེད་མཚམས་འཇོག་ཏུ་བཅུག དེའི་རྗེས་སུ་རྒྱལ་ཁབ་མང་པོས་ཁ་ཐར་དང་འབྲེལ་མཚམས་བཅད་པ་ཁྱབ་སྒྲོག་བྱས། ཁ་ཐར་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས་དོན་དེར་ཡིད་ཕངས་པ་དང་ཡ་ང་བའི་ཚུལ་བསྟན་པ་དང་། བྱ་སྤྱོད་དེར་རྒྱུ་མཚན་ཅི་ཡང་མེད་ཅེས་བཤད།

ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཁབ་བཞི་བོས་ཁོ་ཝེ་ཐི་བརྒྱུད་དེ་ཁ་ཐར་ལ་ཉེན་ཚབས་ཐག་གཅོད་པའི་རེ་བ་བཅུ་གསུམ་བཀོད་པའི་ཡིག་ཆ་སྤྲད། དེའི་རྗེས་སུ་རྒྱལ་ཁབ་བཞི་བོས་ཁ་ཐར་གྱིས་རྒྱལ་ཁབ་བཞི་ཡིད་ཚིམས་པའི་ལན་མ་བཏབ་པས། རྒྱལ་ཁབ་བཞི་བོས་མུ་མཐུད་དུ་ཁ་ཐར་ལ་བཀག་སྡོམ་བྱེད་རྒྱུ་ཡིན་ཞེས་བཤད་པ་དང་། ཁ་ཐར་ཕྱི་འབྲེལ་པུའུ་ཡིས་དེར་ཡིད་ཕངས་པའི་ཚུལ་བསྟན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།