ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་སྲིད་ཕྱོགས་ཀྱིས་ཨ་མེ་རི་ཁའི་དམངས་གྲོས་ཁང་གྲོས་འཆམ་བྱུང་བའི་བཀག་སྡོམ་གྲོས་གཞི་ལ་ཧ་ཅང་མ་དགའ་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་དམངས་གྲོས་ཁང་ཚེས་ཉེར་ལྔ་ཉིན་ཨུ་རུ་སི་དང་དབྱི་ལང་། ཁྲའོ་ཞན་བཅས་ལ་བཀག་སྡོམ་བྱེད་པའི་གྲོས་གཞི་ལ་གྲོས་འཆམ་བྱུང་བ་དང་། བྱ་སྤྱོད་དེར་ཨུ་རུ་སི་ཧ་ཅང་མ་དགའ་བ་མ་ཟད། ཨུ་རུ་སིའི་སྲིད་ཕྱོགས་ཀྱིས་ཨ་མེ་རི་ཁར་དོན་དག་གསར་རྙིང་གཉི་གར་མཉམ་དུ་སྐྱིན་པ་ལེན་དགོས་པའི་འབོད་སྐུལ་བཏང་།

ཨུ་རུ་སིའི་གྲོས་ཁང་གོང་མའི་རྒྱལ་སྤྱིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁོ་སཱ་ཆེ་ཧྥུའུ་ཡིས་ཚེས་ཉེར་དྲུག་ཉིན་བསྟན་དོན། ཨུ་རུ་སིས་ཨ་མ་རི་ཁ་སྡུག་ལ་སྦྱོར་ཐུབ་པའི་ཁ་གཏད་འཇལ་ཐབས་གྲ་སྒྲིག་བཟང་པོ་བྱེད་དགོས་པ་དང་། ཨ་མེ་རི་ཁའི་བཀག་སྡོམ་གྲོས་གཞི་དང་། ཨ་མེ་རི་ཁ་ན་ཡོད་པའི་ཨུ་རུ་སིའི་ཕྱི་འབྲེལ་རྒྱུ་ནོར་བཀག་སྡོམ་བྱས་པ། ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་ཕྱིར་བདའ་བ་སོགས་དོན་དག་རྣམས་ལ་མཉམ་དུ་སྐྱིན་པ་ལེན་དགོས་ཟེར། ཁོ་སཱ་ཆེ་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་ཚོགས་ཨུ་རུ་སི་ལ་ཧ་ཅང་སྡང་བས། དེར་གྲོས་མོལ་བྱེད་ཐབས་མེད་པ་དང་། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་རྒྱལ་ཁབ་རང་གི་རྒྱལ་ཚོགས་ལ་ཁ་གཏད་འཇལ་ཐུབ་ཀྱིན་མེད། ཨུ་རུ་སིས་ཨ་མེ་རི་ཁ་དང་ནུབ་ཕྱོགས་ཕུད་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བར་མུ་མཐུད་དུ་འབྲེལ་འདྲིས་བྱེད་རྒྱུ་ཡིན་ཟེར།

ཨུ་རུ་སི་རྒྱལ་ཁབ་ཀྱི་གྲོས་ཁང་འོག་མའི་རྒྱལ་སྤྱིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སི་ལུའུ་ཚི་ཅི་ཡིས་བཤད་རྒྱུར། གལ་ཏེ་ཐེངས་འདིར་ཨ་མེ་རི་ཁའི་དམངས་གྲོས་ཁང་གྲོས་འཆམ་བྱུང་བའི་བཀག་སྡོམ་གྲོས་གཞི་ལ་མཇུག་མཐར་ཐི་ལང་ཕུའུ་ཡིས་ཆོག་མཆན་བཀོད་ཚེ། དེ་ནི་ཉིས་སྟོང་བཅུ་བཞི་ལོའི་ཚུན་གྱི་ཨ་མེ་རི་ཁས་ཨུ་རུ་སི་ལ་ལག་བསྟར་བྱེད་པའི་གཞི་ཁྱོན་ཆེས་ཆེ་བའི་བཀག་སྡོམ་བྱེད་ཐབས་སུ་འགྱུར་ངེས། དེས་ཨུ་རུ་སི་ལ་བཀག་སྡོམ་བྱེད་པ་མ་ཟད། ཨུ་རུ་སི་དང་ནུས་ཁུངས་མཉམ་ལས་བྱེད་པའི་ཡོ་རོབ་གླིང་གི་ཁེ་ལས་ལ་ཡང་གནོད་སྐྱེལ་སྲིད་ཟེར། སི་ལུའུ་ཚི་ཅི་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ཨུ་རུ་སི་ལ་བཀག་སྡོམ་བྱེད་པའི་རྒྱ་བསྐྱེད་པ་དེས་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་སླར་གསོ་བྱེད་པར་གཏོར་བརླག་སྔར་ལས་ཆེན་པོ་བྱེད་སྲིད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་མ་འོངས་པའི་དུས་ངེས་ཅན་ཞིག་ལ་སྔར་ལས་ཇེ་སྡུག་ཏུ་འགྲོ་སྲིད་ཟེར།

ཨུ་རུ་སིའི་དཔལ་འབྱོར་འཕེལ་རྒྱས་པུའུ་ཀྲང་ཨོ་ལེ་ཧྲིན་ཅིན་གྱིས་བཤད་རྒྱུར། ཨ་མེ་རི་ཁའི་བཀག་སྡོམ་བྱེད་ཐབས་ཀྱིས་ཡོ་རོབ་གླིང་གི་ཀུང་ཟིའི་ཚོང་ལས་ཁེ་ཕན་ལ་ཐད་ཀར་གནོད་སྐྱེལ་བ་དང་། ཡོ་རོབ་གླིང་གི་ནུས་ཁུངས་བདེ་འཇགས་གཏོར་བརླག་བྱེད་པ་དང་མཉམ་དུ། ཨ་མེ་རི་ཁའི་ཙུང་ཐུང་གི་འགན་དབང་ལ་ཡང་ཚོད་འཛིན་མངོན་གསལ་བྱེད་ངེས་ཟེར། ཨོ་ལེ་ཧྲིན་ཅིན་གྱིས་དེང་སྐབས་ཨུ་རུ་སིའི་ཆེ་ཕྱོགས་དཔལ་འབྱོར་སྲིད་ཇུས་ཀྱིས་བཀོད་སྡོམ་ལས་བྱུང་བའི་ཕྱི་ཕྱོགས་ཀྱི་བར་ཆད་འགོག་ཐུབ་པ་ཡིན་ཞེས་བཤད།

ཁི་ལེ་མུའུ་ལིན་ཕོ་བྲང་དང་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁའི་དམངས་གྲོས་ཁང་གྲོས་འཆམ་བྱུང་བའི་བཀག་སྡོམ་བྱེད་ཐབས་དེའི་ཐད་ནས་ཁོང་ཁྲོ་གནོན་ཅི་ཐུབ་བྱས། ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཁང་གི་དྲུང་ཡིག་ཕེ་སི་ཁོ་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་བྱ་སྤྱོད་དེ་བློར་མི་འབབ་ན་ཡང་། བཀག་སྡོམ་ལ་རྒོལ་བའི་བྱེད་ཐབས་ལ་གྲོས་སྡུར་བྱས་ན་སྔ་དྲགས་པས། ཨུ་རུ་སི་ཕྱོགས་ཀྱིས་ཨ་མེ་རི་ཁའི་རྗེས་ཕྱོགས་ཀྱི་རྣམ་འགྱུར་ལ་སྒུག་ཡོད་ཟེར། ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་གཞོན་པ་ལེ་ཡ་པུའུ་ཁོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིས་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་གཏོང་བའི་གནད་དོན་ཐད་ནས་མུ་མཐུད་དུ་ཨ་མེ་རི་ཁར་འབྲེལ་འདྲིས་བྱེད་རྒྱུ་ཡིན་ལ། ཁོས་སྔར་བཞིན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གཞོན་པ་ཞང་ནོང་དང་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། 
 

་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གིས་ཚེས་ཉེར་ལྔ་ཉིན་འདེམ་ཤོག་བཞི་བརྒྱ་དང་བཅུ་དགུ་འཐད་པ་བྱུང་བ་དང་། འདེམ་ཤོག་གསུམ་གྱིས་ངོ་རྒོལ་བྱས་པའི་མཇུག་འབྲས་ལ་བརྟེན་ནས་ཨུ་རུ་སི་དང་དབྱི་ལང་། ཁྲའོ་ཞན་བཅས་རྒྱལ་ཁབ་གསུམ་ལ་ལག་བསྟར་བྱེད་པའི་བཀག་སྡོམ་གྲོས་གཞི་ཞིག་ལ་གྲོས་འཆམ་བྱུང་། གྲོས་གཞི་དེ་ལྟར་ན། ཨ་མེ་རི་ཁས་ཨུ་རུ་སིས་ཨ་མེ་རི་ཁའི་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོ་དང་ཝུའུ་ཁི་ལན་གྱི་ཉེན་ཚབས་ལ་ཐེག་གཏོགས་བྱས་པར་དོགས་པ་ཟ་བ་རྒྱུ་མཚན་དུ་བྱས་ནས། ཨུ་རུ་སིའི་འབྲེལ་ཡོད་མི་སྣ་དང་ཚོགས་པར་དཔལ་འབྱོར་གྱི་བཀག་སྡོམ་བྱེད་རྒྱུ་མ་ཟད། ཨ་མེ་རི་ཁའི་ཙུང་ཐུང་གིས་ཨུ་རུ་སི་བཀག་སྡོམ་བྱེད་མཚམས་འཇོག་ཏུ་འཇུག་པའི་དབང་ཆ་ལ་ཚོད་འཛིན་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།