ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཡེ་ལུའུ་ས་ལུན་མཁར་རྙིང་གི་གནས་བབ་ལ་སེམས་ཁུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ནས། ཡེ་ལུའུ་ས་ལུན་མཁར་རྙིང་གི་དྲག་ཤུགས་ཚབས་ཇེ་ཆེར་འགྲོ་བའི་ཉེན་ཁར་སེམས་ཁུར་བྱས།

ཀུའུ་ཐི་ལེ་སི་ཡིས་གསལ་སྒྲོག་ནང་དུ་ཆབ་སྲིད་དང་ཆོས་ལུགས། སྡོད་ཁུལ་བཅས་ཀྱི་གཙོ་འཛིན་གྱིས་ཕ་རོལ་ལ་བསྙད་རྐོ་བའི་བྱེད་ཐབས་མི་སྤྱོད་པ་དང་སྐད་ཆ་མི་བཤད་རྒྱུའི་འབོད་སྐུལ་བཏང་བ་དང་། དབྱི་སི་རལ་ཕྱོགས་ཀྱིས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་། ཁོས་ངེས་པར་དུ་གནས་མཆོག་གི་ཟླ་བདུན་པའི་ཚེས་བཅུ་བཞི་ཉིན་སྔོན་གྱི་སྣང་ཚུལ་ལ་ཡོངས་སུ་བརྩི་བཀུར་བྱེད་དགོས་ཞེས་བཤད།

ཟླ་འདིའི་ཚེས་བཅུ་བཞི་ཉིན། དབྱི་སི་རལ་གྱི་ཉེན་རྟོག་པ་གཉིས་ལ་གནས་མཆོག་ནས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར། དེའི་རྗེས་སུ་དབྱི་སི་རལ་ཕྱོགས་ཀྱིས་གནས་མཆོག་གི་སྒོ་ཁ་རུ་ལྕགས་རིགས་ལ་བརྟག་བྱེད་ཀྱི་སྒོ་བཞག་པ་དང་། བྱ་སྤྱོད་དེར་ཕ་ལེ་སི་ཐན་པ་རྣམས་མ་དགའ་བར་ངོ་རྒོལ་བྱས་པ་དང་ཕན་ཚུན་བར་དུ་འཁྲུག་རྩོད་བྱུང་ནས། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བརྒྱ་ལྷག་ལ་རྨས་ཕོག དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་ཉེར་ལྔ་ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་བདེ་འཇགས་ཁང་གིས་ལྕགས་རིགས་ལ་བརྟག་བྱེད་ཀྱི་སྒོ་ཚང་མ་ཕྱིར་ལེན་རྒྱུའི་ཐག་བཅད་པ་ཡིན་ཞེས་བསྒྲགས།

ཡེ་ལུའུ་ས་ལུན་མཁར་རྙིང་དུ་ཡོད་པའི་གནས་མཆོག་ལ་མུའུ་སི་ལིན་གྱི་དད་ལྡན་པས་གཉན་ས་ཞེས་འབོད་པ་དང་། དེ་ནི་ཡ་ཧུ་དའི་ཆོས་ལུགས་དང་དབྱི་སི་ལན་ཆོས་ལུགས་ཀྱི་གནས་མཆོག་ཡིན་ལ། དུས་ཡུན་རིང་པོར་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་རྩོད་གཞི་ཆེན་པོ་ཡིན། དབྱི་སི་རལ་གྱིས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་དབུས་ཤར་དམག་འཁྲུག་གསུམ་པའི་ཁྲོད་དུ་ཅོར་ཏན་གྱི་ལག་ནས་ཡེ་ལུའུ་ས་ལུན་མཁར་རྙིང་གི་བདག་དབང་འཕྲོག ཅོར་ཏན་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱིས་གཅིག་སྟོང་དགུ་བརྒྱ་གོ་བཞི་ལོར་བཀོད་པའི་ཞི་བདེའི་ཆིངས་ཡིག་ལྟར་ན། གནས་མཆོག་གི་དོ་དམ་དབང་ཆ་ཅོར་ཏན་ཕྱོགས་ལ་དབང་བ་དང་། བདེ་སྲུང་དབང་ཆ་དབྱི་སི་རལ་ཕྱོགས་ལ་དབང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།