ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་ལུའུ་ས་ལུན་གྱི་མུའུ་སི་ལིན་གྱི་དད་ལྡན་མང་ཚོགས་ཕྱིར་ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་དུ་མཆོད་མཇལ་ལ་སོང་ཆོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་ལུའུ་ས་ལུན་གྱི་དབྱི་སི་ལན་ཆོས་ལུགས་ཀྱི་གཙོ་འཛིན་མུའུ་ཧན་མོ་ཏི་ཧུ་སའེ་དབྱིན་གྱིས་ཚེས་ཉེར་བདུན་ཉིན་བསྒྲགས་རྒྱུར། མུའུ་སི་ལིན་གྱི་དད་ལྡན་པས་གནས་མཆོག་གི་སྒོ་ཁའི་བདེ་སྲུང་བྱེད་ཐབས་ལ་འགོག་རྒོལ་བྱེད་པའི་བྱ་འགུལ་མཇུག་རྫོགས་སོང་བས། ཚང་མ་ཕྱིར་ཨ་ཁི་སཱ་ཆོས་ཁང་དུ་མཆོད་མཇལ་ལ་སོང་ཆོག་ཟེར།

ཧུ་སའེ་དབྱིན་གྱིས་བཤད་རྒྱུར། དབྱི་སི་རལ་གྱིས་ཟླ་འདིའི་ཚེས་བཅུ་བཞི་ཉིན་གྱི་རྗེས་སུ་གསར་དུ་བསྣན་པའི་བདེ་འཇགས་ཞིབ་བཤེར་སྒྲིག་ཆས་ཕྱིར་བླངས་རྗེས། མུའུ་སི་ལིན་གྱི་དད་ལྡན་པ་རྣམས་ཕྱིར་གནས་མཆོག་ན་ཡོད་པའི་ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་དུ་མཆོད་མཇལ་ལ་སོང་ཆོག་ཟེར།

དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ལུའུ་པ་སཱ་མུའུ་ལེ་ཡིས་ཉིན་དེར་དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་བཞི་ཉིན་གྱི་རྗེས་སུ་བསྣན་པའི་བདེ་འཇགས་ཞིབ་བཤེར་སྒྲིག་ཆས་ཚང་མ་ཕྱིར་བླངས་པར་བདེན་དཔང་བྱས། གནས་ཚུལ་མཐོང་མཁན་གྱིས་བཤད་རྒྱུར། བདེ་འཇགས་ཞིབ་བཤེར་སྒྲིག་ཆས་ཚང་མ་ཕྱིར་འཁྱེར་སོང་བ་དང་། ཕ་ལེ་སི་ཐན་པ་ཁ་ཤས་ས་དེ་རུ་འཛོམས་ནས་དགའ་འབོད་བྱེད་བཞིན་འདུག་ཟེར།

ཟླ་འདིའི་ཚེས་བཅུ་བཞི་ཉིན། དབྱི་སི་རལ་གྱི་ཉེན་རྟོག་པ་གཉིས་ལ་གནས་མཆོག་ནས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར། དེའི་རྗེས་སུ་དབྱི་སི་རལ་ཕྱོགས་ཀྱིས་གནས་མཆོག་གི་སྒོ་ཁ་རུ་ལྕགས་རིགས་ལ་བརྟག་བྱེད་ཀྱི་སྒོ་བཞག་པ་དང་། བྱ་སྤྱོད་དེར་ཕ་ལེ་སི་ཐན་པ་རྣམས་མ་དགའ་བར་ངོ་རྒོལ་བྱས་པ་དང་ཕན་ཚུན་བར་དུ་འཁྲུག་རྩོད་བྱུང་ནས། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བརྒྱ་ལྷག་ལ་རྨས་ཕོག

ཚེས་ཉེར་ལྔ་ཉིན། དབྱི་སི་རལ་གྱི་བདེ་འཇགས་ཁང་གིས་གནས་མཆོག་གི་སྒོ་ཁའི་ལྕགས་རིགས་ལ་བརྟག་བྱེད་ཀྱི་སྒོ་ཕྱིར་ལེན་རྒྱུའི་ཐག་བཅད་པ་མ་ཟད། སྔོན་ཐོན་གྱི་ལག་རྩལ་སྒྲིག་ཆས་ཏེ་རིག་ནུས་བདེ་འཇགས་ཞིབ་བཤེར་མ་ལག་གིས་ལྕགས་རིགས་ལ་བརྟག་བྱེད་ཀྱི་སྒོའི་ཚབ་བྱས། ཡེ་ལུའུ་ས་ལུན་གྱི་མུའུ་སི་ལིན་གྱི་ཆོས་ལུགས་དཔོན་རིགས་ཤིག་གིས་དེའི་རྗེས་སུ་བཤད་རྒྱུར། དབྱི་སི་རལ་བདེ་འཇགས་ཁང་གི་ཐག་གཅོད་དེ་དང་ལེན་མི་བྱེད་པ་དང་། གསར་དུ་བསྣན་པའི་བདེ་འཇགས་ཞིབ་བཤེར་སྒྲིག་ཆས་ཡོད་ཚད་ཕྱིར་ལེན་པའི་བར་དུ་མུ་མཐུད་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།