ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ནུབ་ཕྱོགས་ས་ཁུལ་གྱི་དབྱི་སི་ལན་ཆོས་ཁང་ཞིག་ནས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་ཉེར་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་ནུབ་ཕྱོགས་ཀྱི་ཧི་ལཱ་ཐི་ཞིང་ཆེན་གྱི་དཔོན་རིགས་ཀྱིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་བདེན་དཔང་བྱས་དོན། ཞིང་ཆེན་དེའི་ཧི་ལཱ་ཐི་གྲོང་ཁྱེར་དུ་གནས་པའི་དབྱི་སི་ལན་ཆོས་ཁང་ཞིག་ལ་ཉིན་དེའི་དགོང་མོར་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་ཉེར་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་རེ་བཞི་ལ་རྨས་ཕོག་ཡོད་ཟེར།

ཧི་ལཱ་ཐི་ཞིང་ཆེན་གྱི་སྨན་ཁང་གི་མགྲིན་ཚབ་པས་བསྟན་དོན། འཇབ་རྒོལ་དོན་རྐྱེན་དེ་དགོང་མོའི་དུས་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་ཡས་མས་སུ་བྱུང་བ་རེད་ཟེར།

གནས་ཚུལ་དངོས་སུ་མཐོང་མཁན་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཤི་རྨས་ཐེབས་པའི་མི་མང་ཆེ་བ་ནི་ཧྲི་ཡེ་ཕྱོགས་ཁག་གི་ཡིན་པ་དང་། དེའི་ནང་མི་རེ་འགའི་རྨས་སྐྱོན་ཚབས་ཆེན་ཡིན་པས། འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ངེས་རེད་ཟེར།

བསྒྲགས་པ་ལྟར་ན། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན་ཉུང་མཐར་ཡང་དྲག་ཆས་མི་སྣ་གཉིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་ཞུགས་ཡོད་ཟེར།

འཇབ་རྒོལ་དོན་རྐྱེན་བྱུང་རྗེས། ས་དེའི་ཉེན་རྟོག་པ་དང་སྨན་བཅོས་མི་སྣ་དག་མྱུར་མོར་དོན་རྐྱེན་བྱུང་སར་འབྱོར། མིག་སྔར་རྨས་མ་མང་ཆེ་བ་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད།

མིག་སྔར་ད་རུང་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།