ཀྲུང་གོ་བོད་ཀྱི་དྲ་བ།

བྱང་ཆིངས་རྩ་འཛུགས་ཀྱི་རླངས་འཁོར་རུ་ཁག་ལ་ཨ་ཧྥུའུ་ཧན་ལྷོ་ཕྱོགས་ས་ཁུལ་ནས་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་གིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཁན་ཏཱ་ཧཱ་ཞིང་ཆེན་དུ་ཉིན་དེའི་ཕྱི་དྲོར་བྱང་ཆིངས་རྩ་འཛུགས་ཀྱི་རླངས་འཁོར་རུ་ཁག་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ་མི་སྣར་ཤི་རྨས་ཐེབས་ཟེར།

གསལ་སྒྲོག་ལས་བྱེ་བྲག་གི་མི་སྣའི་ཤི་རྨས་གནས་ཚུལ་གླེང་ཡང་། ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་གིས་འཇབ་རྒོལ་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། དུས་ཚོད་བདམས་གསེས་བྱས་ཏེགནས་ཚུལ་སྔར་ལས་མང་བོ་བསྒྲགས་རྒྱུ་ཡིན་ཟེར།

ཁན་ཏཱ་ཧཱ་ཞིང་ཆེན་གྱི་ཉེན་རྟོག་པའི་མགྲིན་ཚབ་པ་ཏུའུ་ལཱ་ནེ་ཡིས་བསྒྲགས་པ་ལྟར་ན། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། བྱང་ཆིངས་རྩ་འཛུགས་ཀྱི་རླངས་འཁོར་རུ་ཁག་ཉིན་དེར་ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཁན་ཏཱ་ཧཱ་ནས་བགྲོད་སྐབས་རང་སྲོག་གཅོད་པའི་འཇབ་རྒོལ་མཁན་ཞིག་གིས་དཔུང་འཇུག་བྱས་པ་དང་། དེ་ལས་བྱང་ཆིངས་རྩ་འཛུགས་ཀྱི་རླངས་འཁོར་གཉིས་ལ་གཏོར་བརླག་ཚབས་ཆེན་ཐེབས་ལ། མི་མང་བོར་རྨས་ཕོག་ཟེར།

ཉིས་སྟོང་བཅུ་བཞི་ལོའི་ལོ་མཇུག་ལ། ཨ་མེ་རི་ཁ་གཙོ་བྱས་པའི་ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་སྤྱིའི་བདེ་འཇགས་རོགས་སྐྱོར་དམག་དཔུང་གིས་ཨ་ཧྥུའུ་ཧན་གྱི་འཐབ་འཁྲུག་ལས་འགན་ཡོངས་འགྲུབ་བྱས། དེའི་འཕྲོས་མི་སྣ་ཁག་གིས་ཨ་ཧྥུའུ་ཧན་རྒྱལ་ནང་གི་དམག་དཔུང་ལ་གསོ་སྦྱོང་དང་ལག་རྩལ་སྦྱོང་བརྡར་ཐད་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་པ་རེད།

ད་ལོའི་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་དྲག་ཆས་པས་སྐོར་ཐེངས་གསར་བའི་དཔྱིད་ཀའི་དཔུང་འཇུག་སྤེལ་བའི་ཚུན་ལ། ཨ་ཧྥུའུ་ཧན་གྱི་ས་ཁུལ་སོ་སོར་འཇབ་རྒོལ་དོན་རྐྱེན་དུས་ངེས་མེད་དུ་འབྱུང་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།