ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཙུང་ཐུང་གིས་གྲོས་མོལ་ལ་བརྟེན་ནས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་བརྙན་འཕྲིན་ཁང་གིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་དྲུག་ཉིན་ཏི་ཧེ་ལན་ནས་ཁྲའོ་ཞན་གྱི་ཆེས་མཐོའི་མི་དམངས་གྲོས་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཡུང་ནན་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་དེ་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་ཟེར།

ལུའུ་ཧཱ་ནེ་ཡིས་བསྟན་དོན། ཁྲའོ་ཞན་དང་ཧན་གོས་གྲོས་མོལ་སླར་གསོ་བྱེད་དགོས་པ་དང་། ཨེ་ཤ་ཡཱ་ཧྲིལ་བོར་ཞི་བདེ་དང་བདེ་འཇགས་མངོན་འགྱུར་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ལུའུ་ཧཱ་ནེ་ཡིས་ད་རུང་བསྟན་དོན། རྒྱལ་ཁབ་གང་ཡིན་ཡང་ཚང་མར་བརྩི་འཇོག་ཐོབ་འོས་པ་དང་། རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་གང་རུང་ཡོད་ཀྱང་ནོར་འཆུག་ཡིན་པ་རེད་ཟེར།

ཅིན་ཡུང་ནན་གྱིས་ལུའུ་ཧཱ་ནེ་ཡང་བསྐྱར་དབྱི་ལིང་གི་ཙུང་ཐུང་དུ་བདམས་པར་རྟེན་འབྲེལ་ཞུས་པ་དང་། ཁྲའོ་ཞན་གྱིས་དབྱི་ལིང་བར་གྱི་དཔལ་འབྱོར་དང་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་པའི་ཚུལ་བསྟན།

ལུའུ་ཧཱ་ནེ་ཡིས་ཚེས་ལྔ་ཉིན་དངོས་སུ་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། ཁོའི་ཙུང་ཐུང་གི་འགན་ཡུན་གཉིས་པ་མགོ་བརྩམས་པ་རེད། ཅིན་ཡུང་ནན་ནི་ཁྲའོ་ཞན་གྱི་འཐུས་མི་ཡིན་པའི་ཆ་ནས་ལུའུ་ཧཱ་ནེ་ཡི་ལས་འགན་ཁུར་བའི་མཛད་སྒོར་ཞུགས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།