དབྱི་རག་དམག་ཕྱོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་གཅིག་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དམག་ཕྱོགས་ཀྱིས་ཚེས་བཅུའི་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཚེས་དགུ་ཉིན་ནས་བཟུང་ཨན་པཱ་ཨར་ཞིང་ཆེན་གྱི་ནུབ་ཕྱོགས་ས་ཁུལ་ནས་དུས་ཡུན་ཉིན་གཉིས་ཀྱི་དམག་དོན་འགུལ་སྐྱོད་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་གཅིག་བསད་ཟེར།

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་ཀྱི་བཀོད་འདོམ་པུའུ་ཡིས་ཚེས་བཅུའི་ཉིན་གསལ་སྒྲོག་ཅིག་ལས་བཤད་རྒྱུར། སྲིད་གཞུང་དམག་དཔུང་དང་ཞོན་ནེ་ཕྱོགས་ཁག་གི་ཚོ་ཁག་དྲག་ཆས་པས་ཕྱོགས་གཉིས་ནས་ཨ་ནཱ་གྲོང་རྡལ་དང་ལཱ་བོ་གྲོང་རྡལ་ཕྱི་ངོས་ཀྱི་བྱེ་ཁུལ་དུ་དཔུང་འཇུག་བྱས་པ་དང་། བསྟུད་མར་ཉིན་གཉིས་ལ་སྤེལ་བའི་དམག་དོན་འགུལ་སྐྱོད་ཁྲོད། དབྱི་རག་སྲིད་གཞུང་དམག་དཔུང་གིས་བསྡོམས་པས་དབྱི་སི་ལན་རྒྱལ་ཁབ་ཀྱི་དྲག་ཆས་ཉེས་ཅན་བཅུ་གཅིག་བསད་པ་དང་། འགད་རྫས་བཟོ་གྲྭ་གཅིག་རྨེག་མེད་དུ་བཏང་བར་མ་ཟད། རང་བཟོས་འགད་རྫས་ཉེར་གཉིས་གཏོར་ལེན་བྱས་ཟེར། དེ་ལས་གཞན་སྲིད་གཞུང་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གཉིས་འཛིན་བཟུང་བྱས་པ་རེད།

ཨ་ནཱ་གྲོང་རྡལ་དང་ལཱ་བོ་གྲོང་རྡལ། དེ་མིན་ཉེ་འདབས་ཀྱི་ཅཱ་དབྱེ་མུའུ་གྲོང་རྡལ་བཅས་ནི་ཨན་པཱ་ཨར་ཞིང་ཆེན་ནུབ་ཕྱོགས་ས་ཁུལ་དུ་ཡོད་པ་དང་། དབྱི་རག་དང་སི་རི་ཡཱའི་མཐའ་མཚམས་ས་ཁུལ་དུ་གནས། མིག་སྔར་སྔར་བཞིན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཚོད་འཛིན་བྱེད་བཞིན་ཡོད། ཐེངས་འདིའི་ཨ་ནཱ་གྲོང་རྡལ་དང་ལཱ་བོ་གྲོང་རྡལ་ཕྱི་ངོས་ཀྱི་དམག་དོན་འགུལ་སྐྱོད་ནི་ཕྱིན་ཆད་ཕྱིར་འཕྲོག་ལེན་བྱེད་པའི་འགུལ་སྐྱོད་སྤེལ་བར་རྨང་འདིང་བའི་ཆེད་དུ་ཡིན་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།