ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ན་གཞོན་དག་གིས་ཞི་བདེའི་འཛམ་གླིང་གསར་སྐྲུན་བྱེད་པར་ནུས་པ་གལ་ཆེན་འདོན་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་ན་གཞོན་ཉིན་མོའི་སྔོན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱར་ཁའི་ན་གཞོན་ཚོགས་ཆེན་དེ་ཚེས་བཅུ་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་སྤྱི་ཁྱབ་པུའུ་ནས་སྤེལ་མགོ་བརྩམས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིན་དེར་བརྙན་རིས་ཞུ་ཚིག་ཕུལ་ཏེ། ན་གཞོན་དག་གིས་ཞི་བདེའི་འཛམ་གླིང་གསར་སྐྲུན་བྱེད་པར་ནུས་པ་གལ་ཆེན་འདོན་དགོས་པའི་རེ་བ་བཏོན།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ནུས་པ་ཆེན་པོ་ལྡན་པའི་ན་གཞོན་དག་གིས་འཁྲུག་རྩོད་སྔོན་འགོག་དང་རྒྱུན་མཐུད་ཀྱི་ཞི་བདེ་ལ་འགན་སྲུང་བྱེད་པའི་ཐད་ནས་ནུས་པ་གལ་ཆེན་འདོན་བཞིན་ཡོད་པ་དང་། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ན་གཞོན་དག་དང་མཉམ་དུ་འབད་བརྩོན་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུན་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།

སྔར་ལས་ལྷག་པའི་སྒོ་ནས་ན་གཞོན་གྱི་ནུས་པ་འདོན་སྤེལ་བྱེད་ཆེད། ཀུའུ་ཐི་ལོས་སི་ཡིས་ལོ་ཉེར་དྲུག་ཅན་གྱི་སིང་ག་ལཱའི་ན་གཞོན་ཅཱ་ཡཱ་ཐི་མཱ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ན་གཞོན་ལས་དོན་གྱི་ཆེད་མངག་ཕོ་ཉར་བདམས།

ད་ལོའི་རྒྱལ་སྤྱིའི་ན་གཞོན་ཉིན་མོའི་བརྗོད་སྙིང་ནི་ན་གཞོན་གྱིས་ཞི་བདེ་འཛུགས་སྐྲུན་བྱེད་དགོས་ཞེས་པ་དེ་ཡིན་ཞིང་། དམིགས་ཡུལ་ནི་ན་གཞོན་དག་གི་འཁྲུག་རྩོད་བཀག་འགོག་དང་། བཅོས་བསྒྱུར་དང་བཟོད་སྒོམ། སྤྱི་ཚོགས་དྲང་བདེན། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ཁྲོད་ཀྱི་ནུས་པ་མངོན་པར་བྱེད་པའི་ཆེད་དུ་རེད།

ཅཱ་ཡཱ་ཐི་མཱ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ད་ལྟའི་ན་གཞོན་པ་དག་གིས་ལོ་རྒྱུས་སྟེང་གི་དུས་སྐབས་གང་དང་བསྡུར་ན་འང་འཛམ་གླིང་ཡོངས་ཀྱི་བཅོས་བསྒྱུར་དང་འཕེལ་རྒྱས་ཐད་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ན་གཞོན་དག་གྲོས་རིམ་སྔར་ལས་མང་བོར་ཞུགས་སུ་འཇུག་དགོས་ཟེར། ཁོ་མོས་ད་རུང་བསྟན་དོན། ང་ཚོས་ན་གཞོན་དག་གིས་མཉམ་འབྲེལ་རྒྱལ་ཚོགས་བར་འབྲེལ་བ་ཟབ་མོ་སྲུང་འཛིན་བྱེད་དུ་འཇུག་དགོས་པ་དང་། ཁྱད་པར་དུ་སྤྱི་ཚོགས་འབྲེལ་འདྲིས་སྨྱན་བྱད་སོགས་ཀྱི་ཐབས་ལ་བརྟེན་ནས་ཕན་ཚུན་བར་གྱི་བར་ཐག་ཇེ་ཆུང་དུ་བཏང་ཆོག་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་གཅིག་སྟོང་དགུ་བརྒྱ་གོ་དགུའི་ལོར་གྲོས་ཆོད་བཀོད་དེ། ལོ་རེའི་ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་དེ་རྒྱལ་སྤྱིའི་ན་གཞོན་ཉིན་མོང་གཏན་འཁེལ་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།