ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ཙུང་ལི་དང་ཁུའུ་ཨར་ཏིའི་འཐུས་ཚབ་ཚོགས་པས་སྤྱི་བས་བརྡས་ཐག་གཅོད་པའི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་དྲཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཙུང་ལི་ཨ་པཱ་ཏིས་དང་ཁུའུ་ཨར་ཏི་རང་སྐྱོང་ཁུལ་གྱི་འཐུས་ཚབ་ཚོགས་པས་རང་སྐྱོང་ས་ཁུལ་ལ་སྤྱི་པས་བརྡས་ཐག་གཅོད་པའི་གནད་དོན་ཐད་ནས་གྲོས་བསྡུར་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ཨ་པཱ་ཏིས་ཀྱིས་ཚེས་བཅུ་བཞི་ཉིན་གྱི་ནམ་གུང་ཙུང་ལིའི་གཞུང་སྒྲུབ་ཁང་ནས་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་རྐྱེན་སྲོལ་འོས་འཚམ་བཙུགས་ཏེ་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་ལ་སྤྱི་པས་བརྡས་ཐག་གཅོད་པའི་གནད་དོན་ཐད་ནས་ཟོལ་མེད་དང་གཏིང་ཟབ་པའི་གྲོས་མོལ་བྱེད་རྒྱུ་ཐག་བཅད།

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་གྱི་གྲོས་མོལ་སྤེལ་བར་ཡིད་འཐད་བྱུང་བ་དང་། དབྱི་རག་མི་དམངས་ཡོངས་ཀྱི་ཐུན་མོང་གི་ཁེ་ཕན་མངོན་འགྱུར་བྱེད་པ་དང་དབྱི་རག་རྒྱལ་ཁབ་ཀྱི་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་རྒྱུ་རེད་ཟེར། ཡིན་ཡང་གསལ་སྒྲོག་ལས་གྲོས་མོལ་གྱི་བྱེ་བྲག་གི་གནས་ཚུལ་གླེང་མེད།

ཁུའུ་ཨར་ཏིའི་འཐུས་ཚབ་ཚོགས་པར་གཙོ་བོ་རང་སྐྱོང་ས་ཁུལ་གྱི་སྲིད་ཏང་ཆེན་པོ་གཉིས་ཏེ་ཁུའུ་ཨར་ཏི་སི་ཐན་དམངས་གཙོ་ཏང་དང་ཁུའུ་ཨར་ཏི་སི་ཐན་རྒྱལ་གཅེས་མནའ་འབྲེལ་གྱི་ཁོངས་མི་འདུས་པ་རེད། འཐུས་ཚབ་ཚོགས་པ་དེས་པཱ་ཀ་ཏཱ་ནས་དབྱི་རག་གི་ཆབ་སྲིད་ལས་རིགས་ཀྱི་མགོ་ཁྲིད་པ་གཞན་པར་ཐུག་འཕྲད་བྱེད་རྒྱུ་མ་ཟད། ཧྲི་ཡེ་ཕྱོགས་ཁག་གི་ལྷ་མཁར་ནཱ་ཅེ་ཧྥུའུ་ལ་འཚམས་འདྲི་བྱས་ཏེ་ཧྲི་ཡེ་ཕྱོགས་ཁག་གི་གཙོ་འཛིན་ལ་ཐུག་འཕྲད་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།