ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཆབ་སྲིད་ལ་བརྟེན་ནས་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་དགོས་པ་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་དྲུག་ཉིན་བསྟན་དོན། ཆབ་སྲིད་ལ་བརྟེན་ནས་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་གསར་འགོད་པར་བསྟན་དོན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་བརྒྱད་པའི་ཚེས་ལྔ་ཉིན་གྲོས་ཆོད་གཉིས་གསུམ་བདུན་གཅིག་ལ་གྲོས་མཐུན་བཀོད་པ་དང་། གྲོས་ཆོད་དེ་ཁྲའོ་ཞན་གྱི་ཞི་བདེ་དང་བདེ་འཇགས་འོས་འགན་ཐད་ནས་བརྡ་གསལ་བོ་བཏང་ཡོད། ཁོས་ཁྲའོ་ཞན་གྱིས་ཕྱོགས་ཡོངས་ནས་རྒྱལ་སྤྱིའི་འོས་འགན་ལག་བསྟར་བྱེད་པ་དང་ཡིད་རྟོན་རུང་ཞིང་དོན་སྙིང་ལྡན་པའི་གྲོས་མོལ་སྤེལ་བའི་སྐུལ་མ་བཏང་། ཁོས་ཞོར་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་རང་རང་གི་འོས་འགན་ལག་བསྟར་ནན་མོ་བྱེད་དགོས་པའི་སྐུལ་མ་བཏང་།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཆབ་སྲིད་ཀྱི་ཐབས་ལམ་ནི་ཉམས་ཉེན་དེ་ཐག་གཅོད་བྱེད་པའི་ཐར་ལམ་ཡིན་པ་དང་། དམག་དོན་འགུལ་སྐྱོད་ཀྱི་མཇུག་འབྲས་ནི་བློ་ཡུལ་ལས་འདས་པའི་འཇིགས་སུ་རུང་བ་ཞིག་ཡིན་སྲིད་ཟེར། ཁོས་བསྟན་དོན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བཀོད་པའི་གཉིས་གསུམ་བདུན་གཅིག་གྲོས་ཆོད་ཀྱིས་ཕྱི་འབྲེལ་ཐད་ཀྱི་འབྲེལ་འདྲིས་དང་གྲོས་མོལ་སླར་གསོ་བྱས་ཏེ་ཉམས་ཉེན་ཐག་གཅོད་བྱེད་པར་གོ་སྐབས་བསྐྲུན་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་ཕྱོགས་སོ་སོས་རང་ཚོད་བཟུང་སྟེ་ཕན་ཚུན་བར་རྣར་གཟན་པའི་སྐད་ཆ་བརྗོད་མི་རུང་བའི་འབོད་སྐུལ་བཏང་། ཁོས་འབྲེལ་ཡོད་ཕྱོགས་སོ་སོའི་བར་འབྲེལ་འདྲིས་དམ་ཟབ་བྱས་ཏེ། དུས་ངེས་མེད་དུ་རྣམ་པ་གང་རུང་ལ་བརྟེན་ནས་རོགས་རམ་བྱེད་རྒྱུ་ཁས་ལེན་བྱས།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། འབྲེལ་ཡོད་ཕྱོགས་སོ་སོས་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་བྱེད་ཐབས་ནུས་ལྡན་སྤྱད་དེ། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པ་མངོན་འགྱུར་བྱ་དགོས་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།