ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་གིས་རྒྱལ་ཡོངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱིས་ཚེས་བཅུ་དགུའི་ཉིན་རང་བཙན་བྱས་ནས་ལོ་ངོ་གོ་བརྒྱད་འགོར་བའི་རྗེས་དྲན་ཉིན་མོ་བསུས། ས་ཁུལ་སོ་སོས་ལང་ལོང་སྒོས་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྣ་ཚོགས་སྤེལ། ཙུང་ཐུང་ཅཱ་ནེ་ཡིས་རྒྱལ་ཡོངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཅཱ་ནེ་ཡིས་ཉིན་དེར་རྒྱལ་ས་ཁཱ་པོར་ནས་གཏམ་བཤད་སྤེལ་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དམག་དཔུང་གིས་ཨ་ཧྥུའུ་ཧན་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་འབུར་དུ་ཐོན་པའི་བྱས་རྗེས་བཞག་པར་གཟེངས་བསྟོད་བྱས་པ་དང་། ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འཐབ་འཁྲུག་ཁྲོད་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་དག་ལ་བླ་ན་མེད་པའི་གུས་སེམས་བསྟན།

ཅཱ་ནེ་ཡིས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་ད་ལྟའི་དུས་རིམ་གྱི་བདེ་འཇགས་གནས་བབ་སྔར་བཞིན་ཛ་དྲག་ཆེ་བས། རྒྱལ་ཡོངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ཐཱ་ལེ་པན་གྱིས་མྱུར་མོར་དམག་དོན་འཐབ་རྩོད་མཚམས་བཞག་སྟེ། ཆབ་སྲིད་ཀྱི་གྲོས་མོལ་ལ་བརྟེན་ནས་སྲིད་གཞུང་བར་གྱི་འགྲིག་མཐུན་མངོན་འགྱུར་བྱེད་དགོས་པའི་སྐུལ་མ་བཏང་།

ཨ་ཧྥུའུ་ཧན་གྱི་ཞིང་ཆེན་མང་བོས་ཀྱང་ཉིན་དེར་གཟབ་ནན་གྱི་བདེ་སྲུང་བྱེད་ཐབས་སྤྱད་དེ་དགའ་སྟོན་བྱ་འགུལ་སྣ་ཚོགས་སྤེལ།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།