ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཞི་ཁོ་ཡིས་དམིགས་འབེན་མངོན་གསལ་བྱས་ཏེ་མེ་གླིང་བྱང་མའི་རང་དབང་ཉོ་ཚོང་གྲོས་ཆོད་གསར་བསྒྱུར་བྱེད་པའི་སྐོར་ཐེངས་རྗེས་མའི་གྲོས་མོལ་ལ་ཞུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ཞི་ཁོ་ཡི་ནོར་སྲིད་བློན་ཆེན་མཱེ་ཡཱ་ཏི་ཡིས་ཚེས་ཉེར་གཅིག་ཉིན་བསྟན་དོན། མེ་གླིང་བྱང་མའི་རང་དབང་ཉོ་ཚོང་གྲོས་ཆོད་གསར་བསྒྱུར་བྱེད་པའི་སྐོར་ཐེངས་དང་པོའི་གྲོས་མོལ་མཇུག་སྒྲིལ་རྗེས། མའོ་ཞི་ཁོ་ཡིས་རིམ་བཞིན་གྲོས་མོལ་གྱི་དམིགས་འབེན་གསལ་བོ་བྱས་ཏེ་ཟླ་རྗེས་མའི་ཟླ་མགོར་སྤེལ་རྒྱུ་ཡིན་པའི་སྐོར་ཐེངས་གཉིས་པའི་གྲོས་མོལ་ལ་ཞུགས་རྒྱུ་ཡིན་ཟེར།

མཱེ་ཡཱ་ཏི་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། མའོ་ཞི་ཁོ་ཡིས་ཐོག་མར་གྲོས་མོལ་གྱི་དམིགས་འབེན་མངོན་གསལ་བྱེད་དགོས་པ་དང་། ཞོར་དུ་དམིགས་འབེན་དེ་མངོན་འགྱུར་བྱེད་པའི་བྱེད་ཐབས་བཟང་བོ་ཞིག་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར། མིག་སྔར་ཕྱོགས་སོ་སོས་དངུལ་ལོར་ཁྱབ་ཁོངས་ནས་གྲོས་མོལ་ཡིག་ཆ་བརྗེ་རེས་བྱེད་མགོ་བརྩམས་མེད་ཀྱང་། དངུལ་ལོར་སྡེ་ཁག་གི་གྲོས་མོལ་དམིགས་འབེན་གཏན་འཁེལ་བྱེད་བཞིན་ཡོད་ཟེར།

ཁོས་བསྟན་དོན། མེ་གླིང་བྱང་མ་ས་ཁུལ་ནི་སྔར་བཞིན་འགྲན་རྩོད་དང་གསོན་ཤུགས་ལྡན་པའི་ས་ཁུལ་ཞིག་ཡིན་པ་དང་། དངུལ་ལོར་ཚོང་རར་མཚོན་ན་དེ་ནི་འཕྲིན་བཟང་ཞིག་རེད་ཟེར།

མེ་གླིང་བྱང་མའི་རང་དབང་ཉོ་ཚོང་གྲོས་ཆོད་གསར་བསྒྱུར་བྱེད་པའི་སྐོར་ཐེངས་དང་པོའི་གྲོས་མོལ་དེ་ཟླ་འདིའི་ཚེས་བཅུ་དྲུག་ཉིན་ནས་ཚེས་ཉི་ཤུའི་ཉིན་བར་ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་ནས་སྤེལ་བ་དང་། གྲོས་མོལ་གྱི་ནང་དོན་ལ་ཐོག་མའི་ཆིངས་ཡིག་དང་ཆེས་དམའ་བའི་ཟླ་ཕོགས་སོགས་འདུས།

སྐོར་ཐེངས་དང་པོའི་གྲོས་མོལ་མཇུག་སྒྲིལ་རྗེས། ཕྱོགས་གསུམ་གྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། མགྱོགས་མྱུར་དང་ཕྱོགས་ཡོངས་ཀྱི་གྲོས་མོལ་སྤེལ་བར་བརྩོན་ལེན་བྱེད་རྒྱུ་ཁས་ལེན་བྱས། སྐོར་ཐེངས་གཉིས་པའི་གྲོས་མོལ་དེ་ཟླ་དགུ་བའི་ཚེས་གཅིག་ཉིན་ནས་ཚེས་ལྔ་ཉིན་བར་མའོ་ཞི་ཁོའི་རྒྱལ་ས་མའོ་ཞི་ཁོ་མཁར་ནས་སྤེལ་རྒྱུ་ཡིན་ལ། སྐོར་ཐེངས་གསུམ་པའི་གྲོས་མོལ་དེ་ཟླ་དགུ་བའི་ཟླ་མཇུག་ལ་ཁཱ་ནཱ་ཏཱ་རུ་སྤེལ་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།