ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁ་དང་ཧན་གོའི་དམག་དོན་སྦྱོང་བརྡར་དེ་ཁྲའོ་ཞན་ཕྱེད་གླིང་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བར་ཕན་ཐོགས་མེད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་ཧན་གོས་ཚེས་ཉེར་གཅིག་ཉིན་དངོས་སུ་སྤེལ་མགོ་བརྩམས་པའི་དབྱེ་ཀྲི་རང་དབང་ཉེན་སྲུང་པ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཁྲའོ་ཞན་ཕྱེད་གླིང་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བར་ཕན་ཐོགས་མེད་ཟེར།

ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཞི་བདེའི་ཐབས་ལ་བརྟེན་ནས་ཁྲའོ་ཞན་ཕྱེད་གླིང་གི་རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་པ་ལས་ཐབས་གཞན་མེད་ཟེར། ཁོ་མོས་འབྲེལ་ཡོད་ཕྱོགས་སོ་སོས་ཚད་ཆེན་པོའི་སྒོ་ནས་རང་ཚོད་བཟུང་སྟེ། ཁྲའོ་ཞན་ཕྱོགས་ཀྱིས་དམག་དོན་སྦྱོང་བརྡར་དེར་རྒོལ་ལན་སྤྲོད་པའི་དམག་དོན་བྱ་སྤྱོད་སྤེལ་མི་རུང་བའི་འབོད་སྐུལ་བཏང་།

ཀྲ་ཧཱ་ལོ་ཝ་ཡིས་བཤད་རྒྱུར། ཚད་ལས་བརྒལ་བའི་བྱ་སྤྱོད་གང་ཡིན་ཡང་དམག་དོན་འཁྲུག་རྩོད་འབྱུང་བའི་ཁ་གཡོར་སར་འགྱུར་ཉེན་ཡོད་ཟེར། ཁོ་མོས་བསྟན་དོན། ཞི་བདེའི་འཕེལ་རིམ་སླར་གསོ་བྱེད་ན་ཐོག་མར་ས་ཁུལ་དེའི་དམག་དོན་འགུལ་སྐྱོད་ཇེ་ཉུང་དུ་གཏོང་དགོས་ཟེར།

ཧན་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་དབྱེ་ཀྲི་རང་དབང་ཉེན་སྲུང་པ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་མགོ་བརྩམས། ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་མི་གྲངས་དེ་ཉིས་སྟོང་བཅུ་དྲུག་ལས་མི་སྟོང་བདུན་དང་ལྔ་བརྒྱས་ཇེ་ཉུང་དུ་བཏང་ཡོད་ཟེར། ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཁྲའོ་ཞན་ཕྱེད་གླིང་ལ་བྲེལ་མྱུར་གནས་ཚུལ་བྱུང་བའི་ཚེ། ཧན་གོ་དང་ཨ་མེ་རི་ཁས་སྔོན་ལ་ཁྲའོ་ཞན་གྱི་ཉིང་རྡུལ་མཚོན་ཆ་དང་འཕུར་མདའི་སྒྲིག་ཆས་ལ་ཕར་རྒོལ་བྱེད་པ་སོགས་ཀྱི་ནང་དོན་འདུས་ཡོད་ཟེར།

ཁྲའོ་ཞན་དམག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་ཧན་གོ་དང་ཨ་མེ་རི་ཁས་དབྱེ་ཀྲི་རང་དབང་ཉེན་སྲུང་པ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་ཏེ་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཛ་དྲག་ཏུ་བཏང་བར་རྒོལ་གཏམ་བཏང་བ་དང་། དམག་དོན་སྦྱོང་བརྡར་དེ་ལས་འབྱུང་སྲིད་པའི་གནོད་འཚེ་རང་བཞིན་གྱི་མཇུག་འབྲས་ཚང་མར་ཨ་མེ་རི་ཁས་འགན་ཁུར་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།