ལེ་པཱ་ནུན་གྱི་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་གཙང་ཕྱགས་བྱེད་པའི་འགུལ་སྐྱོད་མཚམས་བཞག

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་དམག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་ཁྱབ་སྒྲོག་བྱས་དོན། བྱང་ཤར་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་གཙང་ཕྱགས་བྱེད་པའི་དམག་དོན་འགུལ་སྐྱོད་མཚམས་བཞག་སྟེ། བཙན་ཁྲིད་བྱས་པའི་ལེ་པཱ་ནུན་གྱི་དམག་མི་དགུའི་དོན་ལ་གྲོས་མོལ་བྱེད་པར་སྟབས་བདེ་བཟོ་རྒྱུ་ཡིན་ཟེར།

ལེ་པཱ་ནུན་གྱི་དམག་ཕྱོགས་ཀྱི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཉིན་དེའི་ཞོགས་པའི་དུས་ཚོད་བདུན་ནས་བཟུང་། ལེ་པཱ་ནུན་དམག་ཕྱོགས་དང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་པའི་དྲག་ཆས་པའི་བར་འཁྲུག་རྩོད་མཚམས་བཞག་སྟེ། བཙན་ཁྲིད་བྱས་པའི་དམག་མིའི་ལས་དབང་ཐད་ནས་མཇུག་མཐའི་གྲོས་མོལ་བྱེད་པར་སྟབས་བདེ་བསྐྲུན། གསལ་སྒྲོག་ལས་གནས་ཚུལ་དེའི་བྱེ་བྲག་གི་ནང་དོན་གསལ་བོར་བརྗོད་མེད་ཟེར།

ཉིས་སྟོང་བཅུ་བཞི་ལོའི་ཟླ་བརྒྱད་པར། དབྱི་སི་ལན་རྒྱལ་ཁབ་དང་རྒྱབ་སྐྱོར་འཐབ་ཕྱོགས་སོགས་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་ལེ་པཱ་ནུན་བྱང་ཤར་ཕྱོགས་ཀྱི་ཨ་ཨར་སཱ་ལེ་ས་ཁུལ་གྱི་སྲིད་གཞུང་དམག་དཔུང་ལ་འཇབ་རྒོལ་བྱས་ཏེ། ལེ་པཱ་ནུན་གྱི་དམག་མི་སུམ་ཅུ་བཙན་ཁྲིད་བྱས། དེའི་རྗེས་སུ་དམག་མི་རེ་འགའ་དམར་གསོད་བཏང་བ་དང་། མི་རེ་འགའ་ཕྱིར་བཏང་། ད་རུང་དམག་མི་དགུ་བཀག་འཇུག་བྱས་ཡོད་པ་རེད།

ལེ་པཱ་ནུན་དམག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་བདེན་དཔང་བྱས་དོན། ལེ་པཱ་ནུན་དང་སི་རི་ཡཱའི་མཐའ་མཚམས་ས་ཁུལ་དུ་བཙན་ཁྲིད་བྱས་པའི་དམག་མིའི་བེམ་པོ་བརྒྱད་རྙེད་པ་དང་། བེམ་པོ་དེ་དག་རྒྱལ་ས་པེ་རུ་ཐིའི་དམག་དོན་སྨན་ཁང་ཞིག་ཏུ་བསྐྱལ་ནས་བརྟག་དཔྱད་བྱས་ཏེ་ཐོབ་ཐང་ངོས་འཛིན་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།