ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་གིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལ་བརྟེན་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

0f903cfb604b5f7409e1bd91b118eedd.jpg

ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན། ཐུར་ཁེའི་ཨན་ཁཱ་ལཱ་ནས། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་དགའ་བསུའི་མཛད་སྒོའི་སྟེང་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་ལག་འཇུ་བྱེད་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་ཉེར་བརྒྱད་ཉིན་ཨན་ཁཱ་ལཱ་ནས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལ་བརྟེན་ནས་ཞི་བའི་སྒོ་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་གྲོས་མོལ་བྱས་རྗེས་ཀྱི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕཱ་ལེ་སི་ཐན་མི་དམངས་ཀྱི་ལོ་རྒྱུས་འགན་འཁྲི་ཡིན། ཐུར་ཁེ་རྒྱལ་ཁབ་ཀྱིས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་མཐའ་མཚམས་རྨང་གཞི་བྱས་ཤིང་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་ནས་བཙན་བཟུང་བྱས་པའི་ས་ཁོངས་ནས་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་དེས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལག་བསྟར་བྱེད་པར་བཀག་རྒྱ་ཐེབས་པ་རེད་ཟེར། ཁོས་བསྟན་དོན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་སོང་ན་ཕྱོགས་གཉི་གར་ཕན་ཐོགས་མེད་ཅིང་། ཞི་བའི་སྒོ་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱས་ན་ཕཱ་ལེ་སི་ཐན་ལ་ཕན་པར་མ་ཟད་དབྱི་སི་རལ་ལའང་ཕན་ཐོགས་ཡོད་ཟེར།

ཨ་པཱ་སི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཕཱ་ལེ་སི་ཐན་གྱིས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་མཐའ་མཚམས་རྨང་གཞི་བྱས་ཤིང་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པའི་དབང་ཆ་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།