ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཕཱ་ལེ་སི་ཐན་མི་དམངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

8月30日,联合国秘书长古特雷斯在加沙地带城镇贝特拉西亚举行的新闻发布会上讲话。.jpg

ཟླ་བརྒྱད་པའི་ཚེས་སུམ་ཅུའི་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་པེ་ཐི་ལཱ་ཞི་ཡཱ་མཁར་གྲོང་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གཏམ་བཤད་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཟླ་བརྒྱད་པའི་ཚེས་སུམ་ཅུའི་ཉིན་ཅཱ་ཧྲ་ས་ཁུལ་ནས་ནན་གྱིས་བསྟན་དོན། ཅཱ་ཧྲ་ས་ཁུལ་ནི་ཕཱ་ལེ་སི་ཐན་གྱི་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན་པ་དང་། ཕཱ་ལེ་སི་ཐན་མི་དམངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཅཱ་ཧྲ་ས་ཁུལ་གྱི་པེ་ཐི་ལཱ་ཞི་ཡཱ་མཁར་གྲོང་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། ཕཱ་ལེ་སི་ཐན་མི་དམངས་ཀྱིས་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱིས་གཏན་འབེབས་བྱས་པའི་ཇུས་གཞིའི་འོག་མཐུན་སྒྲིལ་གཅིག་གྱུར་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཕཱ་ལེ་སི་ཐན་ནང་ཁུལ་གྱི་ཁ་བྲལ་དེས་ཕཱ་ལེ་སི་ཐན་ལས་དོན་ལ་གཏོར་བརླག་ཐེབས་སྲིད་པ་ནན་བཤད་བྱས།

ཁོས་ད་རུང་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་བཀག་རྒྱ་སེལ་ནས། སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པའི་དམིགས་འབེན་མངོན་འགྱུར་བྱེད་པར་སྟབས་བདེ་བསྐྲུན་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། དབྱི་སི་རལ་དང་མཉམ་དུ་ཞི་བདེ་དང་བདེ་འཇགས་ལོངས་སུ་སྤྱོད་པའི་ཕཱ་ལེ་སི་ཐན་རྒྱལ་ཁབ་ཅིག་མཐོང་འདོད་ཡོད་པ་དང་། ཡང་བསྐྱར་ཅཱ་ཧྲ་ས་ཁུལ་དུ་འཚམས་འདྲི་བྱེད་པའི་རེ་བ་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་ཛ་དྲག་ཆེ་བའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ལ་ཡིད་འཕང་བའི་ཚུལ་བསྟན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ས་ཁུལ་དེར་མེ་སྒོར་ས་ཡ་བཞིའི་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཅཱ་ཧྲ་ས་ཁུལ་བྱང་ངོས་ཀྱི་དབྱི་སི་རལ་དང་འབྲེལ་བའི་ཨེ་ལོས་ཙི་ཞིབ་བཤེར་ས་ཚིགས་བརྒྱུད་དེ་ས་ཁུལ་དེར་འཚམས་འདྲི་བྱས་པ་དང་། ས་དེའི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཀུའུ་ཐི་ལོས་སི་ཡིས་ཐེངས་འདིའི་འགྲུལ་བཞུད་སྐབས་སུ་མིག་སྔར་ཅཱ་ཧྲ་ས་ཁུལ་དུ་ཚོད་འཛིན་བྱེད་པའི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དཔོན་རིགས་ལ་ཐུག་འཕྲད་མ་བྱས་པ་རེད།

ཀུའུ་ཐི་ལོས་སི་ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་དབྱི་སི་རལ་དུ་འཚམས་འདྲིར་འབྱོར་བ་དང་། ཚེས་ཉེར་དགུའི་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་དུ་འབྱོར་ནས་ཕཱ་ལེ་སི་ཐན་གྱི་ཙུང་ལི་ཧཱ་མུའུ་ཏཱ་ལཱ་དང་ཐུག་འཕྲད་བྱས། དེ་ནི་ཀུའུ་ཐི་ལོས་སི་ཡིས་ད་ལོའི་ཟླ་དང་པོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་དུ་འཚམས་འདྲི་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།