ཀྲུང་གོ་བོད་ཀྱི་དྲ་བ།

པཱ་ཞི་ནས་འགྲུལ་སྐྱེལ་རླངས་འཁོར་ཞིག་ལོག་ནས་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་གཉིས་ཉིན་གྱི་ཞོགས་པར་པཱ་ཞི་ནས་འགྲུལ་སྐྱེལ་རླངས་འཁོར་ཞིག་ལོག་པའི་དོན་རྐྱེན་ཐེངས་གཉིས་བྱུང་། ཚེས་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར་དོན་རྐྱེན་དེ་གཉིས་ལས་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགར་རྨས་ཕོག་ཡོད་ཟེར།

ཚེས་གཉིས་ཉིན་གྱི་ཞོགས་པའི་དུས་ཚོད་གཅིག་ཡས་མས་སུ། པཱ་ཞིའི་ཤར་ལྷོའི་ཕྱོགས་ཀྱི་མུས་ནཱ་སི་ཅི་ལཱ་སི་ཀྲིག་ནས་འགྲུལ་བ་ཞེ་དྲུག་དྲུད་ཡོད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལམ་དུ་བགྲོད་སྐབས་གྲོག་རོང་དུ་ལྷུང་སྟེ། འགྲུལ་སྐྱེལ་རླངས་འཁོར་ལ་གཏོར་བརླག་ཚབས་ཆེན་ཐེབས་པ་དང་། མི་བདུན་རྐྱེན་ལམ་དུ་ཤོར་བ་དང་མི་ཉི་ཤུ་ལྷག་ལ་རྨས་ཕོག་ཡོད། དོན་རྐྱེན་བྱུང་ས་དེ་ཀྲིག་དེའི་རྒྱལ་ལམ་གཅིག་བཞི་དྲུག་པའི་སྤྱི་ལེ་གྱ་བདུན་གྱི་མཚམས་རེད། འགྲུལ་སྐྱེལ་རླངས་འཁོར་དེ་ནི་ཨ་ལཱ་ཀི་ཨ་སི་ནས་ལམ་དུ་ཆས་པ་དང་། དམིགས་སའི་ཡུལ་ནི་ཧྲིན་པའོ་ལོ་ཀྲིག་རེད།

དེ་དང་ཕལ་ཆེར་དུས་མཉམ་དུ་པཱ་ཞིའི་བྱང་ཤར་ཕྱོགས་ཀྱི་པཱ་དབྱེ་ཡཱ་ཀྲིག་ནས་ཀྱང་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་ཆག་སྒོ་བྱུང་། ཚེས་གཉིས་ཉིན་གྱི་ཞོགས་པའི་དུས་ཚོད་གཅིག་དང་སྐར་མ་ཉི་ཤུའི་ཡས་མས་སུ། འགྲུལ་བ་ཞེ་བརྒྱད་དྲུད་ཡོད་པའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ལ་པཱ་དབྱེ་ཡཱ་ཀྲིག་གི་རྒྱལ་ལམ་གཅིག་ཐིག་གཅིག་གི་སྤྱི་ལེ་དྲུག་བརྒྱ་དང་བཅུ་དགུའི་མཚམས་སུ་ཆག་སྒོ་བྱུང་སྟེ། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལྷག་ལ་རྨས་ཕོག འགྲུལ་སྐྱེལ་རླངས་འཁོར་དེ་ནི་པཱ་དབྱེ་ཡཱ་ཀྲིག་གི་ལྟེ་གནས་གྲོང་ཁྱེར་སཱ་ཨར་ཝ་ཏའོ་ནས་ཧྲིན་ཨེ་སི་ཕིས་ལི་ཐུའུ་ཀྲིག་ཏུ་འགྲོ་བཞིན་ཡོད།

དོན་རྐྱེན་བྱུང་རྗེས་ས་ཁུལ་དེ་གཉིས་ཀྱི་མེ་གསོད་སྡེ་ཁག་དང་ཉེན་རྟོག་དམག་དཔུང་མྱུར་མོར་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་འབྱོར་ནས་རྒུད་སྐྱོབ་བྱས་པ་དང་། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།