ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གིས་ཟླ་བཅུ་བར་དངུལ་ལོར་སྲིད་ཇུས་ལེགས་སྒྲིག་བྱེད་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

105.jpg

ཟླ་དགུ་བའི་ཚེས་བདུན་ཉིན། འཇར་མན་གྱི་ཧྥ་ལན་ཁི་ཧྥུའུ་ནས། ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གི་མགོ་བ་ཏི་ལཱ་ཅི་དང་མགོ་གཙོ་གཞོན་པ་ཐང་སི་ཐན་ཞི་ཨོ་གཉིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གི་མགོ་བ་ཏི་ལཱ་ཅི་ཡིས་ཚེས་བདུན་ཉིན་ཧྥ་ལན་ཁི་ཧྥུའུ་ནས་བསྡུས་པའི་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ད་ལོའི་སྟོན་ཁར། ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གིས་དངུལ་ལོར་སྲིད་ཇུས་ཇི་ལྟར་ལེགས་སྒྲིག་བྱེད་པར་བྱེ་བྲག་ཏུ་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

ཉིན་དེར་ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གིས་གནད་འགག་གི་བུ་ལོན་གྱི་ཚད་མི་འགྱུར་བ་དང་། དེའི་གཞི་རྩའི་ཚད་གཞིར་གྱུར་བའི་བུ་ལོན་བསྟུད་མར་ཟླ་བཅུ་དགུའི་རིང་ལོ་རྒྱུས་ཀྱི་ཆེས་དམའ་བའི་ཚད་དུ་གནས་པར་བྱེད་རྒྱུ་ཐག་བཅད། ཞོར་དུ་ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གིས་མིག་སྔའི་ཟླ་རེར་ཡོ་སྒོར་ཐེར་ཆེན་དྲུག་གི་བུན་ཉོའི་གཞི་རྒྱ་དེ་ད་ལོའི་ལོ་མཇུག་བར་དང་ཡང་ན་དེ་ལས་རིང་བའི་དུས་ཡུན་ནང་སྲུང་འཛིན་བྱེད་རྒྱུ་ཐག་བཅད།

ཏི་ལཱ་ཅི་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གིས་ཉིན་དེར་བསྡུས་པའི་དངུལ་ལོར་སྲིད་ཇུས་ཀྱི་གྲོས་ཚོགས་ནས་ཡོ་རོབ་གླིང་གི་དངུལ་ལོར་སྲིད་ཇུས་ལ་གྲོས་བསྡུར་རགས་ཙམ་བྱས་པ་དང་། ཆོད་དོན་མང་ཆེ་བ་ཟླ་བཅུ་བར་འདོན་ངེས་ཡིན་ཟེར།

ཏི་ལཱ་ཅི་ཡིས་བསྟན་དོན། ཡོ་སྒོར་བཀོལ་བའི་ས་ཁུལ་གྱི་དུས་ཡུན་འབྲིང་གི་དཔལ་འབྱོར་འཕར་སྣོན་དང་འཕར་སྣོན་མདུན་ལྗོངས་འགྱུར་མི་སྲིད། ད་ལོའི་ལོ་སྟོད་ལ། ཡོ་སྒོར་བཀོལ་བའི་ས་ཁུལ་གྱི་དཔལ་འབྱོར་འཕར་སྣོན་བྱུང་ཚད་མྱུར་བ་དང་སྔོན་རྩིས་ལས་བརྒལ་ཡོད། འཕར་སྣོན་གྱི་རྣམ་པར་ཚོད་དཔག་བྱས་ན་གཏན་འཇགས་སྲུང་འཛིན་བྱེད་ཐུབ་ངེས་རེད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།