ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་ཧྥ་ལན་ཁི་ཧྥུའུ་གནམ་གྲུ་ཐང་ནས་ཟུག་གཟེར་སློང་བྱེད་ཀྱི་གཤེར་རླངས་གཏོར་བའི་དོན་རྐྱེན་བྱུང་ནས་མི་དྲུག་ལ་རྨས་ཡང་མོ་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཧྥ་ལན་ཁི་ཧྥུའུ་གནམ་གྲུ་ཐང་གི་ཉེན་རྟོག་པས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཉིན་དེར་མི་ཞིག་གིས་གནམ་གྲུ་ཐང་དེ་ནས་ཟུག་གཟེར་སློང་བྱེད་ཀྱི་གཤེར་རླངས་གཏོར་ནས། ཉུང་མཐར་ཡང་མི་དྲུག་ལ་རྨས་ཡང་མོ་ཕོག་ཡོད་ཟེར།

གནམ་གྲུའི་ཐང་གི་ཉེན་རྟོག་པས་བཤད་རྒྱུར། ཉིན་གུང་གི་དུས་ཚོད་བཅུ་གཉིས་ཡས་མས་སུ། མི་ཞིག་གིས་གནམ་གྲུར་འབུད་སའི་སྒོ་དང་པོ་ནས་ཟུག་གཟེར་སློང་བྱེད་ཀྱི་གཤེར་རླངས་གཏོར་ནས། ཉུང་མཐར་ཡང་མི་དྲུག་ལ་རྨས་ཡང་མོ་ཕོག་པ་དང་། ཁོ་ཚོས་གཤེར་རླངས་རྔུབ་རྗེས་དབུགས་འབྱིན་རྔུབ་བྱེད་པར་གནོད་པ་ཐེབས་ཡོད་ཟེར།

དོན་རྐྱེན་བྱུང་རྗེས། ས་དེའི་ཉེན་རྟོག་པ་དང་མེ་གསོད་སྡེ་ཁག་ཡུལ་དངོས་སུ་སོང་། མེ་གསོད་སྡེ་ཁག་གིས་བཤད་རྒྱུར། གཏོར་བའི་གཤེར་རླངས་དེ་མིའི་ལུས་ཕུང་ལ་གནོད་པ་མེད་ཟེར། མིག་སྔར་གནམ་གྲུར་འབུད་སའི་སྒོ་དང་པོ་ཡང་བསྐྱར་རྒྱུན་ལྡན་དུ་གྱུར་བ་དང་། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།

ད་ལོའི་ཧྥ་ལན་ཁི་ཧྥུའུ་རླངས་འཁོར་འགྲེམ་སྟོན་དེ་ཚེས་བཅུ་གཉིས་ཉིན་སྤེལ་མགོ་རྩོམ་རྒྱུ་ཡིན་པས། ཉེ་སྔོན་གནམ་གྲུ་ཐང་དུ་འགྲུལ་བ་ཅུང་མང་བོ་ཡོད་པ་རེད། ཚེས་དགུ་ཉིན་གྱི་དགོང་མོར། གནམ་གྲུ་ཐང་དེ་ནས་སྨྱོ་ནད་བྱུང་བའི་སྐྱེས་པ་ཞིག་གིས་འགད་རྫས་བཟུང་ཡོད་པར་བསྒྲགས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་འགྲུལ་བ་མང་བོ་བདེ་འཇགས་ས་ཁུལ་དུ་བསྐྱལ་རྗེས་སྐྱེས་པ་དེ་སྨན་ཁང་དུ་བསྐྱལ་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།