ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་གྱིས་ཡེ་ལུའུ་སཱ་ལེམ་མཁར་རྙིང་གི་ཕཱ་ལེ་སི་ཐན་པའི་དུར་ས་ཞིག་མེད་པར་བཏང་བར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་སྲིད་གཞུང་གི་མགྲིན་ཚབ་པ་ལི་ཧྲི་མཱ་ཝེ་ཡིས་ཚེས་བཅུ་གཅིག་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། དབྱི་སི་རལ་དབང་འཛིན་ལས་ཁུངས་ཀྱིས་ཉིན་དེར་ཡེ་ལུའུ་སཱ་ལེམ་མཁར་རྙིང་ཉེ་འདབས་ནས་ཕཱ་ལེ་སི་ཐན་པའི་དུར་ས་ཞིག་མེད་པར་བཏང་བར་རྒོལ་གཏམ་བཏང་།

ལི་ཧྲི་མཱ་ཝེ་ཡིས་གསར་འགྱུར་སྤྱི་སྒྲོག་ནང་བཤད་རྒྱུར། ཉེས་སྤྱོད་དེ་དང་དབྱི་སི་རལ་སྲིད་གཞུང་གིས་ཡེ་ལུའུ་སཱ་ལེམ་ཤར་མར་ལག་བསྟར་བྱེད་བཞིན་པའི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་འཛུགས་པའི་འཆར་གཞི་སོགས་ཀྱིས་ཕཱ་ལེ་སི་ཐན་གནད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་གྲོས་ཆོད་ལ་གནོད་པ་ཆེན་པོ་བཟོས་ཡོད་ཟེར། ཁོས་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་ལས་ཁུངས་དང་རྩ་འཛུགས་ཀྱིས་མྱུར་མོར་དོན་དེར་ཐེ་གཏོགས་བྱས་ནས་བཙན་འཛུལ་གྱི་བྱ་སྤྱོད་དེ་མཚམས་འཇོག་ཏུ་འཇུག་དགོས་པའི་འབོད་སྐུལ་བཏང་།

ལི་ཧྲི་མཱ་ཝེ་ཡིས་ནན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་གྱི་མགོ་ཁྲིད་རིམ་པ་དང་ཕཱ་ལེ་སི་ཐན་སྲིད་གཞུང་གིས་ཡེ་ལུའུ་སཱ་ལེམ་ཤར་མ་དང་དེའི་གནས་མཆོག་ལ་སྲུང་སྐྱོབ་གང་ལེགས་བྱེད་རྒྱུ་ཡིན་པར་མ་ཟད། ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་རག་བར་དུ་གནས་དེའི་ཕཱ་ལེ་སི་ཐན་མི་དམངས་ཀྱིས་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ས་འདེད་འཕྲུལ་ཆས་བཀོལ་ནས་ཉིན་དེར་ཕཱ་ལེ་སི་ཐན་པའི་དུར་ས་དེའི་ཕྱི་གྱང་རྫོགས་པ་དང་། དུར་སའི་ནང་དུ་ཡོང་ནས་གཙང་ཕྱགས་འགུལ་སྐྱོད་སྤེལ་མགོ་བརྩམས། རྒྱུས་ལོན་བྱུང་བ་ལྟར་ན། དུར་ས་དེའི་ནང་ཕཱ་ལེ་སི་ཐན་གྱི་མི་བཞི་བརྒྱ་ཙམ་དུར་འཇུག་བྱས་ཡོད་པ་རེད།

ཡེ་ལུའུ་སཱ་ལེམ་ནི་ཡིའུ་ཐེ་ཆོས་ལུགས་དང་། ཡེ་ཤུའི་ཆོས་ལུགས། དབྱི་སི་ལན་ཆོས་ལུགས་བཅས་ཀྱི་ཐུན་མོང་གི་གནས་མཆོག་ཅིག་ཡིན་ཞིང་། ཡེ་ལུའུ་སཱ་ལེམ་གྱི་བདག་དབང་གནད་དོན་དེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་གྱི་བཀག་རྒྱ་ཆེན་པོ་ཞིག་ཏུ་གྱུར་ཡོད། དབྱི་སི་རལ་གྱིས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོར་དབུས་ཤར་གྱི་འཐབ་འཁྲུག་གསུམ་པའི་སྐབས་སུ་ཡེ་ལུའུ་སཱ་ལེམ་ཤར་མ་བཙན་བཟུང་བྱས་པ་དང་། གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་ལོའི་ཟླ་བདུན་པར་བཅའ་ཁྲིམས་འཆར་ཟིན་བཀོད་དེ་ཡེ་ལུའུ་སཱ་ལེམ་ཧྲིལ་བོ་ནི་དབྱི་སི་རལ་གྱི་དུས་གཏན་གྱི་རྒྱལ་ས་ཡིན་པ་ཁྱབ་སྒྲོག་བྱས། ཕཱ་ལེ་སི་ཐན་གྱིས་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།