སུའེ་ཏེན་གྱིས་སྐུལ་འོད་བཅུ་བདུན་ཞེས་པའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའེ་ཏེན་གྱིས་ཚེས་བཅུ་གཅིག་ཉིན་ནས་བཟུང་དུས་ཡུན་གཟའ་འཁོར་གསུམ་གྱི་སྐུལ་འོད་བཅུ་བདུན་ཞེས་པའི་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས། སུའེ་ཏེན་གྱི་དམག་མི་ཁྲི་གཅིག་དང་སྟོང་དགུ་དང་། ཏན་མག་དང་ནོར་ཝེ། ཧྥུན་ལན། ལི་ཐའོ་ཝན། ཨེ་སོ་ནི་ཡཱ། ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཀྱི་དམག་མི་སྟོང་གཅིག་དང་ལྔ་བརྒྱ་མཉམ་དུ་དམག་དོན་སྦྱོང་བརྡར་ལ་ཞུགས།

སུའེ་ཏེན་དྲག་ཆས་དམག་དཔུང་གིས་བསྒྲགས་པ་ལྟར་ན། དམག་དོན་སྦྱོང་བརྡར་དེ་ཟླ་འདིའི་ཚེས་ཉེར་དགུའི་ཉིན་མཇུག་སྒྲིལ་རྒྱུ་ཡིན་པ་དང་། གཙོ་བོ་ཤར་ཕྱོགས་ཀྱི་སི་ཏི་ཀི་ཨར་མའོ་ས་ཁུལ་དང་ནུབ་ཕྱོགས་མཚོ་འགྲམ་གྱི་ཀི་ཏི་པའོ། པོ་ལོ་ཏི་མཚོ་ཁོངས་ཀྱི་ཀི་ཏི་ལན་གླིང་ཕྲན་བཅས་ནས་སྤེལ་རྒྱུ་རེད།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚེས་བཅུའི་ཉིན་སུའེ་ཏེན་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། སུའེ་ཏེན་དང་བྱང་ཆིངས་རྩ་འཛུགས་ཀྱི་བདེ་འཇགས་གསང་བ་གཅིག་ཏུ་འབྲེལ་བས། མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཕྱོགས་གཉིས་ལ་ཕན་ཐོགས་ཆེན་པོ་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། དམག་དོན་སྦྱོང་བརྡར་དེ་ནི་པོ་ལོ་ཏི་མཚོ་ཁོངས་ས་ཁུལ་གྱིས་འཁྲུག་རྩོད་སློང་བའི་ཆེད་དུ་མིན་ཟེར།

སུའེ་ཏེན་གྱི་རྒྱལ་སྲུང་བློན་ཆེན་ཧུའུ་ཨར་ཐི་ཁོས་སི་ཐི་ཡིས་བསྟན་དོན། དེ་ནི་སུའེ་ཏེན་རྒྱལ་ཁབ་རང་གི་དམག་དོན་སྦྱོང་བརྡར་ཞིག་ཡིན་པ་ལས་བྱང་ཆིངས་རྩ་འཛུགས་ཀྱི་གྲོས་འདོན་བྱས་པ་མིན་ཟེར།

སུའེ་ཏེན་ནི་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་མིན། ཐེངས་འདིའི་སྐུལ་འོད་བཅུ་བདུན་ཞེས་པའི་དམག་དོན་སྦྱོང་བརྡར་གྱི་འགྲོ་སོང་ནི་སུའེ་ཏེན་གྱི་སྒོར་མོར་དུང་ཕྱུར་ལྔ་དང་བྱེ་བ་བརྒྱད་ལ་བསླེབ་ངེས་རེད།

ཉིས་སྟོང་བཅུ་བཞིའི་ཚུན་ལ། བྱང་ཆིངས་རྩ་འཛུགས་ཀྱིས་ཡོ་རོབ་གླིང་ཤར་མ་དང་པོ་ལོ་ཏི་མཚོ་འགྲམ་ས་ཁུལ་གྱི་དམག་དོན་སྦྱོང་བརྡར་ཤུགས་ཚད་ཇེ་ཆེར་བཏང་སྟེ་བསྟུད་མར་ཨུ་རུ་སི་ལ་གནོན་ཤུགས་སྟེར་བཞིན་ཡོད། སུའེ་ཏེན་གྱིས་ཀྱང་དམག་དོན་འགུལ་སྐྱོད་ལ་ཤུགས་སྣོན་བྱས་ཤིང་བྱང་ཆིངས་རྩ་འཛུགས་བར་གྱི་འགོག་སྲུང་མཉམ་ལས་ཇེ་དྲག་ཏུ་བཏང་། བྱ་སྤྱོད་དེར་ཨུ་རུ་སི་ཡིས་དོ་སྣང་དང་སེམས་ཁུར་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།