ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གྲོས་ཁང་གིས་གྲོས་ཆོད་བཀོད་དེ་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་རང་བཙན་བྱེད་པར་སྤྱི་དམངས་ཀྱིས་བརྡས་ཐག་གཅོད་པར་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་རྒྱལ་དམངས་གྲོས་ཁང་གིས་ཚེས་བཅུ་གཉིས་ཉིན་གྲོས་ཆོད་བཀོད་དེ། དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་རང་བཙན་བྱེད་པར་སྤྱི་དམངས་ཀྱིས་བརྡས་ཐག་གཅོད་པའི་བྱ་འགུལ་སྤེལ་བར་ངོ་རྒོལ་བྱས།

རྒྱལ་དམངས་གྲོས་ཁང་གི་འབྲེལ་ཡོད་མི་སྣ་ཞིག་གིས་བཤད་རྒྱུར། ཉིན་དེའི་གྲོས་ཚོགས་ལ་ཞུགས་པའི་གྲོས་མིའི་འདེམ་ཤོག་མང་ཤོས་ཡིད་འཐད་བྱུང་བའི་མཇུག་འབྲས་ཀྱིས་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་རང་བཙན་བྱེད་པར་སྤྱི་དམངས་ཀྱིས་བརྡས་ཐག་གཅོད་པར་ངོ་རྒོལ་བྱེད་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། གྲོས་ཆོད་ལས་དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་བྱེད་ཐབས་གང་རུང་སྤྱད་དེ་དབྱི་རག་གི་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་བར་དུ་གྲོས་མོལ་བྱས་ཏེ། ཀྲུང་དབྱང་སྲིད་གཞུང་དང་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན།

བསྒྲགས་པ་ལྟར་ན། ཁུའུ་ཨར་ཏི་རིགས་ཀྱི་གྲོས་མི་དག་འདེམ་ཤོག་མ་འཕང་གོང་གྲོས་ཚོགས་ལས་ཕྱིར་བུད་ཟེར།

ད་ལོའི་ཟླ་དྲུག་པར། ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་ཀྲུའུ་ཞི་པཱ་ཨར་ཀྲ་ནེ་ཡིས་ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་རང་བཙན་བྱེད་པའི་གནད་དོན་ཐད་ནས་སྤྱི་དམངས་ཀྱིས་བརྡས་ཐག་གཅོད་རྒྱུ་ཁྱབ་སྒྲོག་བྱས། བྱ་སྤྱོད་དེར་དབྱི་རག་ཀྲུང་དབྱང་སྲིད་གཞུང་དང་ཐུར་ཁེ། དབྱི་ལིང་སོགས་ཁྱིམ་མཚེས་རྒྱལ་ཁབ་ཀྱིས་ངོ་རྒོལ་དྲག་པོ་བྱས་པ་དང་། ཨ་མེ་རི་ཁའི་ཕྱོགས་ཀྱིས་ཀྱང་དེའི་སྔོན་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་སྤྱི་དམངས་ཀྱིས་བརྡས་ཐག་གཅོད་པའི་བྱ་འགུལ་དེ་རྗེས་སུ་སྣུར་དགོས་པའི་རེ་བ་བཏོན་ཡོད།

པཱ་ཨར་ཀྲ་ནེ་ཡི་མཐོ་རིམ་བློ་འདོན་པ། དབྱི་རག་སྔོན་ཆད་ཀྱི་ཕྱི་འབྲེལ་བློན་ཆེན་ཙི་པཱ་ལི་ཡིས་ཚེས་བཅུ་གཅིག་ཉིན་གསར་འགོད་པར་བསྟན་དོན། ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ཡོད་པ་དང་། སྤྱི་དམངས་ཀྱིས་བརྡས་ཐག་གཅོད་པའི་བྱ་འགུལ་དེ་དུས་ལྟར་སྤེལ་རྒྱུ་ཡིན་ཟེར། པཱ་ཨར་ཀྲ་ནེ་ཡིས་ཀྱང་ཡུལ་མི་འདྲ་བ་ནས་སྤྱི་དམངས་ཀྱིས་བརྡས་ཐག་གཅོད་པའི་བྱ་འགུལ་དེ་རྗེས་སུ་སྣུར་མི་སྲིད་པར་བཤད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།