ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གནད་འགག་གི་གྲོས་གཞིའི་འཆར་ཟིན་ལ་གྲོས་ཁང་ཞོལ་མས་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་གྲོས་ཁང་ཞོལ་མས་ཚེས་བཅུ་གཉིས་ཉིན་རྩིས་མེད་དུ་གཏོང་བའི་བཅའ་ཁྲིམས་འཆར་ཟིན་ཆེན་མོ་ཞེས་པའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གནད་འགག་གི་གྲོས་གཞིའི་འཆར་ཟིན་ལ་གྲོས་མཐུན་བཀོད་པ་དང་། དམིགས་ཡུལ་ནི་ད་ཡོད་ཀྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་བཅའ་ཁྲིམས་དེ་དབྱིན་ཇིའི་རྒྱལ་ནང་གི་བཅའ་ཁྲིམས་སུ་བསྒྱུར་ཏེ། དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས་ཀྱི་བཅའ་ཁྲིམས་རྒྱུན་འཛིན་ལ་གྲ་སྒྲིག་བྱེད་པའི་ཆེད་དུ་རེད།

ཉིན་གཉིས་རིང་དཔྱད་གླེང་བྱས་པ་བརྒྱུད། དབྱིན་ཇིའི་གྲོས་ཁང་ཞོལ་མས་འདེམ་ཤོག་སུམ་བརྒྱ་དང་ཉེར་དྲུག་ཡིད་འཐད་བྱུང་བ་དང་། འདེམ་ཤོག་ཉིས་བརྒྱ་དང་དགུ་བཅུས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་གྲོས་གཞིའི་འཆར་ཟིན་དེར་གྲོས་མཐུན་བཀོད་པ་རེད། གྲོས་ཁང་གི་ཁྲིམས་འཛུགས་ལས་རིམ་ལྟར་ན། གྲོས་གཞིའི་འཆར་ཟིན་དེ་ཨུ་ཡོན་ལྷན་ཁང་གིས་དཔྱད་ཞིབ་བྱེད་པའི་དུས་རིམ་དུ་བསླེབ་ཡོད་པ་དང་། དེའི་ནང་དོན་དག་བཟོ་བཅོས་འཆར་ཟིན་ལ་བརྟེན་ནས་བཟོ་བཅོས་བྱེད་ངེས་རེད།

བསྒྲགས་པ་ལྟར་ན། རྩིས་མེད་དུ་གཏོང་བའི་བཅའ་ཁྲིམས་འཆར་ཟིན་ཆེན་མོ་ནི་དབྱིན་ཇིའི་ཇོ་རྒྱུས་སྟེང་གི་ཆེས་གལ་ཆེ་བའི་བཅའ་ཁྲིམས་འཆར་ཟིན་ཞིག་ཡིན་པ་དང་། དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་ནས་གྲོས་ཁང་གི་ཁྲིམས་འཛུགས་དབང་ཆ་ཕྱིར་ལེན་པར་གལ་འགངས་ཧ་ཅང་ཆེ་ཟེར། རྩིས་མེད་དུ་གཏོང་བའི་བཅའ་ཁྲིམས་འཆར་ཟིན་ཆེན་མོ་དེར་དབྱིན་ཇིའི་རྒྱལ་ཚོགས་ཀྱི་གྲོས་ཁང་གཉིས་ཀྱི་ཆོག་མཆན་ཐོབ་རྗེས་ད་གཟོད་བཅའ་ཁྲིམས་སུ་འགྱུར་ཐུབ་པ་རེད།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་ཡིས་རྩིས་མེད་དུ་གཏོང་བའི་བཅའ་ཁྲིམས་འཆར་ཟིན་ཆེན་མོར་གྲོས་ཁང་ཞོལ་མས་གྲོས་མཐུན་བཀོད་པར་དགའ་བསུ་ཞུས་པ་དང་། དེས་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བར་ཁག་ཐེག་འདོན་སྤྲོད་བྱས་ཡོད་པར་འདོད། ངོ་རྒོལ་ཏང་གི་གྲོས་མིས་བལྟས་ན། གྲོས་གཞིའི་འཆར་ཟིན་དེས་དབྱིན་ཇིའི་རྒྱལ་ནང་གི་བཅའ་ཁྲིམས་ལ་འགྱུར་ལྡོག་སློང་སྲིད་པས། གྲོས་ཁང་གིས་གཟབ་ནན་གྱིས་ཐག་གཅོད་བྱེད་དགོས་པར་འདོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།