ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གཞོན་པ་ཞང་ནོང་གཉིས་ཀྱིས་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ཧྥུན་ལན་གྱི་རྒྱལ་ས་ཧི་ཨར་ཞིན་ཅི་ནས་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་གནད་དོན་ཐད་ཀྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་རྩིས་བྱས།

ཨུ་རུ་སིའི་འཁོར་སྐར་འཕྲིན་གཏོང་ཁང་གིས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་གྲོས་བསྡུར་བྱས་པའི་ཕྱོགས་གཉིས་ཀྱི་འབྲེལ་བའི་གྲོས་གཞིར་ཕན་ཚུན་གྱི་གཞུང་ཚབ་ཁང་གི་ཚོད་འཛིན་སོགས་འདུས། ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་ཐོག་མར་ཨ་མེ་རི་ཁར་ཡོད་པའི་ཨུ་རུ་སིའི་ཕྱི་འབྲེལ་མི་སྣའི་འགུལ་སྐྱོད་ལ་ཚོད་འཛིན་བྱས་ན། འདྲ་མཉམ་གྱི་རྩ་དོན་ལ་གཞིགས་ཏེ་ཨུ་རུ་སི་ཡིས་ཀྱང་ཨུ་རུ་སི་རུ་སྡོད་པའི་ཨ་མེ་རི་ཁའི་ཕྱི་འབྲེལ་མི་སྣར་ཚོད་འཛིན་བྱེད་དགོས་ཟེར།

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨུ་རུ་སིའི་ཕྱི་འབྲེལ་ལས་ཁུངས་ལ་བྱེད་ཐབས་ངེས་ཅན་སྤྱད་པ་དང་། ཅིག་ཅིན་ཧྲན་དུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་གི་སྒོ་བརྒྱབ་པ་རེད། ཨུ་རུ་སིའི་ཕྱོགས་ཀྱིས་ཐོག་མར་རྒོལ་ལན་མ་སྤྲད་ཀྱང་ཡུན་རིང་ལ་འགོར་འགྱངས་བྱེད་མི་སྲིད་པས། ཨུ་རུ་སི་ཡིས་ཟླ་ངོ་གཅིག་གི་དུས་ཚོད་ནང་རྒོལ་ལན་སྤྲད་པ་ཡིན་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སི་ཡིས་ཨ་མེ་རི་ཁར་སྡོད་པའི་ཨུ་རུ་སིའི་ཕྱི་འབྲེལ་མི་སྣར་ཐོབ་པའི་ཐོབ་ཐང་ལ་གཞིགས་ནས་ཨ་མེ་རི་ཁའི་ཕྱི་འབྲེལ་མི་སྣར་ཡང་ཐོབ་ཐང་དེ་འདྲ་སྟེར་ངེས་ཡིན་ཟེར།

དེ་ལས་གཞན་ཐེངས་འདིའི་ཨ་མེ་རི་ཁ་དང་ཨུ་རུ་སའི་གྲོས་མོལ་ལས་ད་རུང་ཕྱོགས་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་གཏན་འཇགས་རང་བཞིན་ལ་གྲོས་བསྡུར་བྱས། ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བཤད་རྒྱུར། གྲོས་གཞི་དེར་དཔུང་འཇུག་རང་བཞིན་གྱི་འཐབ་ཇུས་ཀྱི་ཉིང་རྡུལ་མཚོན་ཆ་དང་བར་སྣང་གི་ལག་རྩལ་ནས་འཕུར་མདའི་འགོག་སྲུང་མ་ལག་བར་རིམ་པ་མང་བོ་འདུས་པས། ཨུ་རུ་སི་དང་ཨ་མེ་རི་ཁས་ནང་དོན་ཚང་མར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་དབྱེ་ཞིབ་བྱས་པ་ལྟར་ན། ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་ཕྱི་འབྲེལ་བློན་ཆེན་གཞོན་པ་རིམ་པའི་གྲོས་མོལ་སྤེལ་བ་ནི་མིག་སྔའི་ཛ་དྲག་གི་འབྲེལ་བ་ཞི་འཇགས་སུ་གཏོང་བའི་ཆེད་དུ་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།