ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམག་དཔུང་གིས་སོ་མཱ་ལིའི་ན་གཞོན་ཏང་གི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཏེ་མི་དྲུག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཨ་ཧྥེ་རི་ཁ་གླིང་དམག་སྤྱི་ཁང་གིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེའི་ཞོགས་པར་སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཏེ། རྩ་འཛུགས་དེའི་དྲག་ཆས་ཉེས་ཅན་དྲུག་བསད་ཟེར། 

ཨ་མེ་རི་ཁའི་ཨ་ཧྥེ་རི་ཁ་གླིང་དམག་སྤྱི་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ན་གཞོན་ཏང་གི་དམིགས་འབེན་ལ་ཉིན་དེའི་དུས་ཚོད་གཉིས་དང་སྐར་མ་བཅོ་ལྔའི་ཡས་མས་སུ་གནད་ལ་འཁེལ་བའི་ཆམ་ཕབ་བཏང་བ་དང་། བར་སྣང་འཇབ་རྒོལ་བྱེད་ས་དེ་སོ་མཱ་ལིའི་ལྷོ་ཕྱོགས་ཀྱི་རྒྱལ་ས་མའོ་ཅཱ་ཏིས་ཧྲ་དང་བར་ཐག་སྤྱི་ལེ་ཉིས་བརྒྱ་དང་དྲུག་ཅུ་ཡོད་པའི་མཚམས་སུ་གནས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་འགུལ་སྐྱོད་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ད་ལོའི་ཟླ་གསུམ་པར་བཏོན་པའི་མཆན་བཀོད་དང་འཚམ་ཟེར། མཆན་བཀོད་དེ་ལས་ཨ་མེ་རི་ཁའི་དམག་དཔུང་གིས་དམིགས་བསལ་གྱི་ས་ཁོངས་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་དྲག་པོ་བཏང་སྟེ། ཨ་མེ་རི་ཁའི་སོ་མཱ་ལིའི་དཔུང་གྲོགས་ལ་རྒྱབ་སྐྱོར་བྱས་ཆོག་པར་བྱས་ཡོད། ཨ་མེ་རི་ཁའི་དམག་དཔུང་གིས་མཆན་བཀོད་དེ་བེད་སྤྱད་ནས་བྱེད་ཐབས་འོས་འཚམ་ལ་བརྟེན་ནས་ཨ་མེ་རི་ཁའི་ཕྱི་སྡོད་རང་མིར་སྲུང་སྐྱོབ་དང་ཐལ་སྤྱོད་རྩ་འཛུགས་ཀྱི་འཇིགས་ཉེན་སེལ་ཅི་ཐུབ་བྱེད་རྒྱུ་རེད།

ན་གཞོན་ཏང་ཞེས་པ་དེ་རྟེན་གཞིའི་རྩ་འཛུགས་ལ་འབྲེལ་བ་ཡོད་པ་དང་། སོ་མཱ་ལི་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་དག་ཏུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་རྒྱུན་དུ་སྤེལ་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།