ཀྲུང་གོ་བོད་ཀྱི་དྲ་བ།

ཝུན་ཙེ་ཡུན་གྱིས་ཧན་གོར་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱེད་པར་ཡིད་འཐད་མིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཚེས་བཅུ་བཞིའི་ཉིན་བསྟན་དོན། ཧན་གོར་འཐབ་ཇུས་ཀྱི་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱེད་པའམ་ཡང་ན་ཧན་གོས་རང་བདག་གིས་ཉིང་རྡུལ་མཚོན་ཆ་གསར་སྤེལ་བྱེད་པར་ཡིད་འཐད་མིན་ཟེར།

ཝུན་ཙེ་ཡུན་གྱིས་ཉིན་དེར་ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཧན་གོས་རང་བདག་གིས་ཉིང་རྡུལ་མཚོན་ཆ་གསར་སྤེལ་བྱེད་པའམ་ཡང་ན་ཡང་བསྐྱར་འཐབ་ཇུས་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱེད་པར་འཐད་པ་མིན་ཟེར། ཁོས་བསྟན་དོན། ཧན་གོར་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱས་ན་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པར་མི་ཕན་པ་དང་། ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་དུ་ཉིང་རྡུལ་མཚོན་ཆའི་འགྲན་སྡུར་བྱེད་པའི་སྣང་ཚུལ་འབྱུང་སྲིད་ཟེར།

ཝུན་ཙེ་ཡུན་གྱིས་བལྟས་ན། ཧན་གོས་རང་གི་དམག་དོན་སྟོབས་ཤུགས་ལ་ཤུགས་སྣོན་བྱས་ཏེ་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་ཞིབ་འཇུག་བྱ་འགུལ་ཐག་གཅོད་བྱེད་དགོས་ཟེར།

ཝུན་ཙེ་ཡུན་གྱིས་བཅར་འདྲི་བྱེད་སྐབས་བསྟན་དོན། ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་བྱ་འགུལ་དེ་ཁྲའོ་ཞན་རང་སྟེང་དང་ཁྲའོ་ཞན་དང་ཧན་གོའི་འབྲེལ་བར་མི་ཕན་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་དང་ཧན་གོས་ཁྲའོ་ཞན་ལ་ཉིང་རྡུལ་མཚོན་ཆ་ལྡན་པའི་དོན་དངོས་དང་ལེན་བྱེད་མི་སྲིད་ཟེར།

ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པའི་ཚོད་ལྟ་ཐེངས་དྲུག་པ་སྤེལ་རྗེས། ཧན་གོའི་སྲིད་དབང་བཟུང་མེད་པའི་ཏང་ཁག་གི་མི་སྣ་རེ་འགས་ཧན་གོར་ཡང་བསྐྱར་ཨ་མེ་རི་ཁའི་འཐབ་ཇུས་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱེད་པའི་གྲོས་གཞི་བཏོན། ཧན་གོའི་དམངས་ཀྱི་འདོད་བློར་རྟོག་ཞིབ་བྱེད་པའི་ལས་ཁུངས་ཤིག་གིས་ཚེས་བཅུ་བཞིའི་ཉིན་སྤེལ་བའི་མཇུག་འབྲས་ལྟར་ན། བཅར་འདྲི་བྱས་པའི་མི་བརྒྱ་ཆའི་ང་གསུམ་ལྷག་གིས་ཧན་གོས་རང་བདག་གིས་ཉིང་རྡུལ་མཚོན་ཆ་གསར་སྤེལ་བྱེད་པའམ་ཡང་ན་འཐབ་ཇུས་ཉིང་རྡུལ་མཚོན་ཆ་ནང་འདྲེན་བྱེད་པར་འཐད་པ་ཡིན་པའི་ཚུལ་བསྟན་པ་དང་། བརྒྱ་ཆའི་སོ་ལྔ་ལྷག་གིས་ངོ་རྒོལ་བྱེད་བཞིན་ཡོད། ཧན་གོའི་ཕྱི་འབྲེལ་བློན་ཆེན་ཁང་ཅིན་ཧི་ཡིས་ཚེས་བཅུ་གཅིག་ཉིན་བསྟན་དོན། ཧན་གོའི་ཕྱོགས་ཀྱིས་མིག་སྔར་སྲིད་གཞུང་རིམ་པ་ནས་ཡང་བསྐྱར་ཨ་མེ་རི་ཁའི་འཐབ་ཇུས་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱེད་པར་བསམ་བློ་གཏོང་གིན་མེད་པ་དང་། དོན་དེའི་ཐད་ནས་ཨ་མེ་རི་ཁའི་བར་གྲོས་མོལ་ཡང་བྱས་མྱོང་མེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།