ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར་མའོ་ཞི་ཁི་རུ་ཚད་རིམ་བདུན་དང་གྲངས་ཆུང་གཅིག་གི་ས་འགུལ་བྱུང་། ས་འགུལ་བྱུང་ས་གཙོ་བོ་ནི་མའོ་ཞི་ཁིའི་དབུས་ཕྱོགས་ཀྱི་ཕུའུ་ཨེ་པུའུ་ལཱ་ཀྲིག་དང་མའོ་ལོས་ལོ་སི་ཀྲིག་གི་འབྲེལ་མཚམས་སུ་གནས་པ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་ང་བདུན་ཡོད་ལ། རྒྱལ་ས་མའོ་ཞི་ཁི་མཁར་དུ་ས་འགུལ་གྱི་ཚོར་སྣང་དྲག་པོ་ཡོད། མིག་སྔའི་བར་དུ་ཐེངས་འདིའི་ས་འགུལ་ལས་མའོ་ཞི་ཁི་རྒྱལ་ཡོངས་ནས་མི་ཉིས་བརྒྱ་དང་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་མའོ་ཞི་ཁི་མཁར་གྱི་མི་གྱ་དྲུག་དང་། མའོ་ལོས་ལོ་སི་ཀྲིག་གི་མི་དོན་གཅིག་འདུས། རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད།
བསྒྲགས་པ་ལྟར་ན། མའོ་ཞི་ཁི་མཁར་གྱི་ཐོག་ཁང་མང་བོ་རྡིབས་པ་དང་། ཉིན་དེའི་ནམ་གུང་བར་དུ་མའོ་ཞི་ཁི་མཁར་གྱི་བརྒྱ་ཆའི་བཞི་བཅུའི་ཁྱིམ་ཚང་དང་། མའོ་ལོས་ལོ་སི་ཀྲིག་གི་བརྒྱ་ཆའི་དྲུག་ཅུའི་ཁྱིམ་ཚང་ལ་སྔར་བཞིན་གློག་ཆད་ཡོད་པ་རེད། ཉིན་དེ་ནི་མའོ་ཞི་ཁི་མཁར་གྱི་ས་འགུལ་ཆེན་པོ་བྱུང་ནས་ལོ་ངོ་སོ་གཉིས་འགོར་བའི་ཉིན་ཡིན་པས། མའོ་ཞི་ཁི་རྒྱལ་ཡོངས་ཀྱིས་ཉིན་དེའི་སྔ་དྲོར་ས་འགུལ་ཉེན་ཡོལ་གྱི་སྦྱོང་བརྡར་བྱ་འགུལ་སྤེལ་བ་དང་། དུས་ཚོད་འགའི་རྗེས་སུ་ཐེངས་འདིའི་ས་འགུལ་བྱུང་བ་རེད། ལོ་ངོ་སོ་གཉིས་ཀྱི་ཡར་སྔོན་དུ་ཚད་རིམ་བརྒྱད་དང་གྲངས་ཆུང་གཅིག་གི་ས་འགུལ་ལས་མི་སྟོང་ཕྲག་འགའ་རྐྱེན་ལམ་དུ་ཤོར་བ་རེད།
ཐེངས་འདིའི་ས་འགུལ་ནི་ཟླ་དགུ་བའི་ཚེས་བདུན་ཉིན་མའོ་ཞི་ཁིའི་ཆཱ་ཕཱ་སི་ཀྲིག་གི་ཚད་རིམ་བརྒྱ་དང་གྲངས་ཆུང་གཉིས་ཀྱི་ས་འགུལ་བྱུང་ནས་གཟའ་འཁོར་གཉིས་མ་འགོར་བར་བྱུང་བ་རེད། ཐེངས་སྔོན་མའི་ས་འགུལ་ལས་ཉུང་མཐར་ཡང་མི་གོ་བརྒྱད་རྐྱེན་ལམ་དུ་ཤོར་ཡོད།