ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་བདེ་བླག་ངང་སྤེལ་བཞིན་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་རག་དམག་ཕྱོགས་ཀྱིས་ཉེ་སྔོན་བྱང་ཕྱོགས་ཀྱི་ཅི་ཨར་ཁུའུ་ཁི་ཞིང་ཆེན་དང་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་གཉིས་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དབྱི་རག་མངའ་ཁོངས་ཀྱི་ཆེས་མཇུག་མཐའི་ཚོད་འཛིན་ས་ཁུལ་གཉིས་ཕྱིར་འཕྲོག་ལེན་བྱེད་པར་བརྩོན་བཞིན་ཡོད་པ་དང་། མིག་སྔར་འགུལ་སྐྱོད་དེ་བདེ་བླག་ངང་སྤེལ་བཞིན་ཡོད།

བྱང་ཕྱོགས་ཀྱི་ཅི་ཨར་ཁུའུ་ཁི་ཞིང་ཆེན་ནས་ཞིང་ཆེན་དེའི་ཧཱ་ཝེ་ཅེ་ས་ཁུལ་ཕྱིར་འཕྲོག་ལེན་བྱེད་པའི་དམག་དོན་འགུལ་སྐྱོད་དེ་ཚེས་ཉེར་གཅིག་ཉིན་སྤེལ་མགོ་བརྩམས། ཧཱ་ཝེ་ཅེ་ཕྱིར་འཕྲོག་ལེན་བྱེད་པའི་འགུལ་སྐྱོད་ཀྱི་བཀོད་འདོམ་དཔོན་པོ་ཡཱ་ལཱ་ལཱ་ཡིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཉིན་འགའི་རིང་འཁྲུག་རྩོད་དྲག་པོ་བྱས་པ་བརྒྱུད། དབྱི་རག་སྲིད་གཞུང་དམག་དཔུང་གིས་ཧཱ་ཝེ་ཅེ་ས་ཁུལ་ནུབ་ངོས་ཀྱི་ཀྲ་པུའུ་གྲོང་རྡལ་དང་སྡེ་བ་བརྒྱ་ལྷག་ཕྱིར་འཕྲོག་ལེན་བྱས་ཡོད་པ་དང་། ད་ལྟ་སྲིད་འཛིན་ལྟེ་གནས་ཀྱི་ཧཱ་ཝེ་ཅེ་གྲོང་རྡལ་དུ་དཔུང་འཇུག་བྱེད་བཞིན་ཡོད་ཟེར།

ཧཱ་ཝེ་ཅེ་ས་ཁུལ་དང་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་ཧྲི་ཨར་ཅཱ་ཐི་གྲོང་རྡལ་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དབྱི་རག་བྱང་ཕྱོགས་ཀྱི་ཆེས་མཇུག་མཐའི་ཚོད་འཛིན་ས་ཁུལ་ཡིན་པ་དང་། ས་ཁུལ་དེ་གཉིས་བར་སྤྱི་ལེ་བཅུ་ཕྲག་འགའ་ལས་མེད་ཅིང་། ཉིས་སྟོང་བཅུ་བཞིའི་ལོར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ལག་ཏུ་ཤོར་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།