ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་གླིང་གི་དངུལ་གཏོང་གླེང་སྟེགས་སྐབས་གསུམ་པ་ཏཱ་ཁཱ་ཨར་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་གླིང་གི་དངུལ་གཏོང་གླེང་སྟེགས་སྐབས་གསུམ་པ་ཚེས་ཉེར་ལྔ་ཉིན་སེ་ནེ་ཀལ་གྱི་རྒྱལ་ས་ཏཱ་ཁཱ་ཨར་ནས་སྤེལ་མགོ་བརྩམས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་སྲིད་ཚོང་ལས་རིགས་ཀྱི་མི་སྣ་བཞི་བརྒྱ་ལྷག་གླེང་སྟེགས་ལ་ཞུགས།

ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་གསར་གཏོད་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་ཐོལ་བརྒལ་འཕེལ་རྒྱས་ལ་ཡར་སྐུལ་གཏོང་དགོས་ཞེས་པ་དེ་རེད། གླེང་སྟེགས་དེ་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བདུན་ཉིན་བར་སྤེལ་རྒྱུ་ཡིན་ལ། འཛམ་གླིང་དངུལ་ཁང་དང་། སེ་ནེ་ཀལ་སྲིད་གཞུང་། ཀྲུང་གོའི་ནོར་སྲིད་པུའུ། ཀྲུང་གོའི་རྒྱལ་ཁབ་གསར་སྤེལ་དངུལ་ཁང་བཅས་ཀྱིས་མཉམ་དུ་ཐེངས་འདིའི་གླེང་སྟེགས་གཙོ་སྒྲུབ་བྱས་པ་རེད།

གྲོས་ཚོགས་ནས་ཨ་ཧྥེ་རི་ཁ་གླིང་གི་ནུས་ཁུངས་དང་ཞིང་ལས་ཐོན་ལས། གྲངས་ལྡན་གསར་བརྗེས། ངལ་རྩོལ་ནུས་པའི་གསོ་སྦྱོང་སོགས་བརྗོད་སྙིང་ཐད་ནས་གྲོས་བསྡུར་བྱེད་རྒྱུ་རེད། ཐེངས་འདིའི་གླེང་སྟེགས་ནས་གསར་སྐྲུན་གྱིས་ཨ་ཧྥེ་རི་ཁ་གླིང་གི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བའི་གལ་ཆེན་རང་བཞིན་འབུར་དུ་ཐོན་པར་བྱས་ཡོད། འཛམ་གླིང་དངུལ་ཁང་གིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་ཚན་རྩལ་གྱིས་ཐེབས་པའི་ཤུགས་རྐྱེན་ཉིན་རེ་བཞིན་མངོན་གསལ་ཡིན་པས། ཨ་ཧྥེ་རི་ཁ་གླིང་གིས་ཀྲུང་གོའི་བར་གྱི་གསར་སྐྲུན་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཟེར། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ནས་ད་རུང་ཨ་ཧྥེ་རི་ཁ་གླིང་གི་གསར་སྐྲུན་འཕེལ་རྒྱས་ཀྱི་སྙན་ཞུ་ཞིག་སྤེལ་རྒྱུ་རེད།

ཨ་ཧྥེ་རི་ཁ་གླིང་གི་དངུལ་གཏོང་གླེང་སྟེགས་ནི་འཛམ་གླིང་དངུལ་ཁང་དང་ཀྲུང་གོའི་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་མཉམ་དུ་གྲོས་འདོན་བྱས་ཏེ་བཙུགས་པ་ཞིག་ཡིན་ཞིང་། ཉིས་སྟོ་བཅོ་ལྔ་ལོའི་གྲོས་ཚོགས་ཐོག་མ་ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེད་པཱ་ནས་བསྡུས་པ་དང་། གྲོས་ཚོགས་སྐབས་གཉིས་པ་ཀྲུང་གོའི་ཀོང་ཀྲིག་ནས་སྤེལ་བ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།