ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་ཡིས་ལིའུ་ཡན་ཏུང་ལ་མཇལ་འཕྲད་གནང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་28ཉིན། ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་ཡིས་ཕོ་བྲང་དཀར་པོ་རུ་ཝ་ཧྲིན་ཐོན་དུ་རེས་སྐོར་དང་པོའི་ཀྲུང་ཨའི་སྤྱི་ཚོགས་དང་རིག་གནས་སྣ་ཚོགས་ཀྱི་གྲོས་མོལ་ལ་ཞུགས་བཞིན་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་ལ་མཇལ་འཕྲད་གནང་བ་རེད།

ལིའུ་ཡན་ཏུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཐེ་རོམ་ཕུ་ལ་གནང་བའི་འཚམས་འདྲི་བརྒྱུད་བཤད་མཛད་པ་དང་། ལིའུ་ཡན་ཏུང་གིས་ཀྲུང་གོའི་ཕྱོགས་ཀྱིས་ཙུང་ཐུང་ཐེ་རོམ་ཕུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་འདྲེན་ཞུས་པ་བཞིན་ལོ་འདིའི་ནང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུ་རྒྱུ་དང་། ཨ་རིའི་ཕྱོགས་དང་མཉམ་དུ་ཞིབ་ཚགས་ཀྱིས་འཚམས་འདྲིའི་གྲ་སྒྲིག་ལས་ཀ་ལེགས་འགྲུབ་བྱས་ཏེ། འཚམས་འདྲི་འདི་ཉིད་ལེགས་འགྲུབ་བྱུང་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཚམས་འདྲི་ཞིག་ཏུ་འགྱུར་བར་སྐུལ་འདེད་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཐུན་མོང་དུ་འབད་བརྩོན་བྱས་པའི་འོག རེས་སྐོར་དང་པོའི་ཀྲུང་ཨའི་སྤྱི་ཚོགས་དང་རིག་གནས་སྣ་ཚོགས་ཀྱི་གྲོས་མོལ་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ངོས་འཛིན་གཅིག་མཐུན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཏེ་སློབ་གསོ་དང་ཚན་རྩལ། རིག་གནས། འཕྲོད་བསྟེན། ལུས་རྩལ། ཁོར་ཡུག་སྲུང་སྐྱོང་། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་སྤེལ་བཏང་ནས་སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་སྤེལ་རེས་བྱེད་པའི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཀྲུང་ཨའི་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་དང་དམངས་འདུན་གྱི་རྨང་གཞི་ཟམ་མ་ཆད་པར་བརྟན་ནས་བརྟན་དུ་གཏོང་དགོས་པའི་རེ་བ་ཡོད་ཅེས་བསྟན་པ་རེད།

ཙུང་ཐུང་ཐེ་རོམ་ཕུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམས་འདྲི་གནང་བར་བཀའ་དྲིན་ཆེ་ཞུས་པ་མ་ཟད། ད་དུང་ལིའུ་ཡན་ཏུང་ལ་ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་བྱས་དོན་བརྒྱུད་བཤད་གནང་རོགས་ཞུས་པ་རེད། ཐེ་རོམ་ཕུ་ཡིས་མི་རིང་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཞུ་བར་ཡོང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་སླར་ཡང་ཞལ་འཛོམས་གནང་བར་རེ་སྒུག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ངས་འཚམས་འདྲིར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་རྒྱུ་ཡིན་པར་ཡིད་ཆེས་ཡོད། ཨ་ཀྲུང་བར་སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་ནི་གལ་འགངས་ཧ་ཅང་ཆེ་བ་ཡིན་པས། ཕྱོགས་གཉིས་བར་ཁྱབ་ཁོངས་ཁག་གི་འབྲེལ་གཏུག་དང་མཉམ་ལས་བྱེད་རྒྱ་སྔར་ལས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།