ཀྲུང་གོ་བོད་ཀྱི་དྲ་བ།

བུད་མེད་ཁྲི་གསུམ་ལྷག་གིས་ཡེ་ལུའུ་སཱ་ལེམ་ནས་འདུ་ཚོགས་བསྡུས་ཏེ་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱིས་ཞི་བདེའི་གྲོས་མཐུན་འགོད་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་དང་ཕཱ་ལེ་སི་ཐན་ནས་ཡོང་བའི་བུད་མེད་ཁྲི་གསུམ་ལྷག་གིས་ཚེས་བརྒྱད་ཉིན་ཡེ་ལུའུ་སཱ་ལེམ་གྱི་རང་བཙན་སྤྱི་གླིང་ནས་འདུ་ཚོགས་བསྡུས་ཏེ། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱིས་ཞི་བདེའི་གྲོས་མཐུན་འགོད་པའི་འབོད་སྐུལ་བཏང་།

ཐེངས་འདིའི་འདུ་ཚོགས་ནི་དབྱི་སི་རལ་གྱི་བུད་མེད་ཞི་བདེ་བརྩོན་ལེན་རྩ་འཛུགས་ཀྱིས་ཞི་བདེའི་འབོད་སྐུལ་གཏོང་བའི་ཁྲོམ་སྐོར་བྱ་འགུལ་གྱི་ཁག་ཅིག་ཡིན་པ་དང་། ཁྲོམ་སྐོར་བྱ་འགུལ་དེ་ནི་ཟླ་དགུ་བའི་ཚེས་ཉེར་བཞི་ཉིན་ནས་མགོ་བརྩམས་པ་རེད། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་བུད་མེད་སྟོང་ཕྲག་མང་བོ་དབྱི་སི་རལ་གྱི་ས་ཁུལ་ཁག་ཅིག་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་རྐང་ཐང་ལ་སོང་བ་རེད།

རྩ་འཛུགས་དེའི་ཁོངས་མི་ལེ་ཝུན་གྱིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ང་ཚོའི་ཐོག་མའི་རེ་བ་ནི་ཕྱོགས་གཉིས་ཀྱི་སྲིད་གཞུང་གིས་གྲོས་མོལ་བྱེད་རྒྱུ་དེ་ཡིན་ལ། རེ་བ་གཉིས་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདོད་བློ་བཏོན་པ་བཞིན་དུ་བུད་མེད་ཀྱང་གྲོས་མོལ་ཁྲོད་ཞུགས་དགོས། བུད་མེད་ནི་འཁྲུག་རྩོད་གང་རུང་ཁྲོད་གནོད་པ་ཆེས་ཆེར་ཐེབས་པའི་ཚོགས་ཁག་ཅིག་ཡིན་ཟེར།

འདུ་ཚོགས་ལ་ཞུགས་པའི་ལེ་ནཱ་ཡིས་གསར་འགོད་པར་བཤད་རྒྱུར། ང་ཚོའི་གྲས་སུ་ཕྱོགས་ཁག་མི་འདྲ་བ་སོ་སོ་ནས་ཡོང་ཞིང་ཆོས་ལུགས་དད་མོས་ཡོད་མེད་གང་རུང་གི་ཕཱ་ལེ་སི་ཐན་པའི་མི་དང་ཡིའུ་ཐེ་བའི་མང་གང་རུང་འདུས། ང་ཚོའི་ཐུན་མོང་གི་དམིགས་འབེན་ནི་ཞི་བདེ་བརྩོན་ལེན་བྱེད་རྒྱུ་དེ་ཡིན་ཟེར།

བུད་མེད་ཞི་བདེ་བརྩོན་ལེན་རྩ་འཛུགས་ནི་ཉིས་སྟོང་བཅུ་བཞིའི་ལོར་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་རྗེས་བཙུགས་པ་ཡིན་ཞིང་། མིག་སྔར་རྩ་འཛུགས་དེར་ཁོངས་མི་ཁྲི་གཉིས་དང་སྟོང་བཞི་ཡོད། རྩ་འཛུགས་དེས་བཤད་རྒྱུར། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱིས་ཞི་བདེའི་གྲོས་མཐུན་འགོད་རག་བར་དུ་འགུལ་སྐྱོད་མཚམས་འཇོག་མི་སྲིད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།