ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་བཅུ་བདུན་ལོའི་ཅཱ་ལེ་གྲོས་མོལ་ཞེས་པའི་རྒྱལ་སྤྱིའི་རྒྱ་མཚོའི་ལས་དོན་གྲོས་ཚོགས་ནས་མཚོ་ཐོག་གི་བདེ་འཇགས་མཉམ་ལས་ཇེ་དྲག་ཏུ་གཏོང་བར་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚོགས་ཡུན་ཉིན་གཉིས་ཡིན་པའི་ཉིས་སྟོང་བཅུ་བདུན་ལོའི་ཅཱ་ལེ་གྲོས་མོལ་ཞེས་པའི་རྒྱལ་སྤྱིའི་རྒྱ་མཚོའི་ལས་དོན་གྲོས་ཚོགས་ཚེས་བཅུ་ཉིན་གྱི་ཉིན་གུང་ཁི་ལོན་ཕའོ་ནས་གྲོལ། ཐེངས་འདིའི་གྲོས་མོལ་གྱི་བརྗོད་སྙིང་ནི་སྔར་ལས་ཆེ་བའི་མིག་རྒྱས་མཚོ་ཐོག་གི་བདེ་འཇགས་ཇེ་དྲག་ཏུ་གཏོང་དགོས་ཞེས་པ་དེ་རེད། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ང་གཅིག་གི་འཐུས་མི་གྲོས་ཚོགས་ལ་ཞུགས།

སིང་ག་ལཱའི་རྒྱལ་སྲུང་རྒྱལ་དོན་པུའུ་ཀྲང་ཝེ་ཅེ་ཝ་ཏི་ནཱ་ཡིས་ཚེས་དགུའི་ཉིན་སྤེལ་བའི་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། རྒྱ་མཚོའི་ཁེ་ཕན་དང་འབྲེལ་བའི་ཕྱོགས་སོ་སོར་ངེས་པར་དུ་སྔར་ལས་ཆེ་བའི་རྒྱ་མཚོའི་མིག་རྒྱང་ལྡན་པར་བྱས་ཏེ། མཛའ་མཐུན་རྒྱལ་ཁབ་བར་གྱི་མཚོ་ཐོག་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པར་སྟབས་བདེ་བཟོ་དགོས་ཟེར།

ཝེ་ཅེ་ཝ་ཏི་ནཱ་ཡིས་བཤད་རྒྱུར། སིང་ག་ལཱ་རྒྱལ་ཁབ་ལ་ཧིན་རྡུ་རྒྱ་མཚོར་དམིགས་བསལ་གྱི་ཡུལ་བབ་ཁྱད་སྟོབས་ལྡན་པ་དང་། རྒྱལ་ཁབ་གང་རུང་གིས་ཁེར་རྐྱང་དུ་རྒྱ་མཚོའི་འགྲན་རྩོད་དང་འཇིགས་ཉེན་ཐག་གཅོད་བྱེད་ཐབས་མེད་པའི་དབང་གིས་སིང་ག་ལཱ་ཡིས་ཀྱང་རྒྱལ་ཁབ་ཚང་མའི་བར་མཉམ་ལས་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད་ཟེར།

གྲོས་མོལ་ཚོགས་འདུའི་སྟེང་ཨ་མེ་རི་ཁ་དང་ཀྲུང་གོ། རྒྱ་གར་སོགས་ཀྱི་འཐུས་མིས་སོ་སོར་རྒྱལ་ཁབ་རང་གིས་ཇི་ལྟར་མཚོ་ཐོག་མཉམ་ལས་ལ་ཡར་སྐུལ་གཏོང་བའི་ལྟ་ཚུལ་རྒྱས་བཤད་བྱས། གྲོས་ཚོགས་ལ་ཞུགས་མཁན་དག་གི་ཐུན་མོང་གི་སེམས་སྒྲ་ནི་མཚོ་ཐོག་གི་བདེ་འཇགས་འཇིགས་ཉེན་དང་འགྲན་རྩོད་ཇེ་ཆེར་སོང་བ་དང་བསྟུན་ནས། རྒྱལ་ཁབ་སོ་སོས་མཉམ་འབྲེལ་བྱེད་དགོས་པ་དང་། ཚང་མས་མཉམ་དུ་རྒྱ་མཚོའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཡོད་པར་འདོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།