ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་ནུབ་ཕྱོགས་ས་ཁུལ་གྱི་ཇ་ཁང་ཞིག་ཏུ་འགས་གཏོར་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་གཅིག་ཉིན་བསྟན་དོན། དབྱི་རག་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་གྱི་ཇ་ཁང་ཞིག་ལ་ཉིན་དེའི་དགོང་མོར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉི་ཤུ་ལྷག་ལ་རྨས་ཕོག་ཟེར།

ཨན་པཱ་ཨར་ཞིང་ཆེན་གྱི་ཉེན་རྟོག་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ཨན་པཱ་ཨར་ཞིང་ཆེན་གྱི་ཞི་ཐི་གྲོང་ཁྱེར་ནས་བྱུང་བ་དང་། རང་སྲོག་གཅོད་པའི་འཇབ་རྒོལ་མཁན་ཞིག་གིས་ཇ་ཁང་ཞིག་ཏུ་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་བ་རེད་ཟེར། 
ཉེན་རྟོག་མི་སྣ་དེས་བཤད་རྒྱུར། ཉུང་མཐར་ཡང་མི་བཅུ་འགས་གཏོར་འཇབ་རྒོལ་དེའི་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉི་ཤུ་ལྷག་ལ་རྨས་ཕོག་ཡོད་ལ། འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ངེས་རེད་ཟེར།

མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།