ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཨ་མེ་རི་ཁ་རྩ་འཛུགས་དེ་ལས་ཕྱིར་བུད་པར་ཡིད་ཕངས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་པའོ་ཁི་ཝ་ཡིས་ཚེས་བཅུ་གཉིས་ཉིན་ཨ་མེ་རི་ཁ་རྩ་འཛུགས་དེ་ལས་ཕྱིར་བུད་པའི་གནད་དོན་ཐད་ནས་གསལ་སྒྲོག་སྤེལ་ཏེ། ཆོད་དོན་དེར་ཡིད་ཕངས་པའི་ཚུལ་བསྟན་པ་དང་། དེ་ནི་ཕྱོགས་མང་རིང་ལུགས་ཀྱི་གྱོང་གུད་ཡིན་པར་འདོད།

པའོ་ཁི་ཝ་ཡིས་བཤད་རྒྱུར། དྲག་ཤུགས་ཐལ་སྤྱོད་རིང་ལུགས་དང་འཐབ་རྩོད་བྱེད་པར་སློབ་གསོ་དང་རིག་གནས་ཀྱི་གྲོས་མོལ་ལ་ཡར་སྐུལ་གཏོང་དགོས། སྐབས་ཐོག་འདི་འདྲར་ཨ་མེ་རི་ཁ་འཐབ་རྩོད་དེར་འགན་ཁུར་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ལས་ཕྱིར་བུད་པར་འཕང་སེམས་ཆེན་པོ་ཡོད། འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོར་འཁྲུག་རྩོད་སྔར་བཞིན་འབྱུང་བཞིན་ཡོད་པ་དང་སྤྱི་ཚོགས་ཁ་བྲལ་དུ་འགྲོ་བཞིན་ཡོད། སྐབས་ཐོག་འདི་འདྲར་ཨ་མེ་རི་ཁ་སློབ་གསོ་ཁྱབ་གདལ་དུ་གཏོང་བ་དང་ཞི་བདེ་ལ་ཡར་སྐུལ་གཏོང་བ། རིག་གནས་ལ་སྲུང་སྐྱོབ་བྱེད་པའི་འགན་ཁུར་མཁན་གྱི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ལས་ཕྱིར་བུད་པ་རེད་ཟེར།

པའོ་ཁི་ཝ་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འགན་འཁྲི་སྔར་བཞིན་ཡོངས་འགྲུབ་བྱས་མེད་པ་དང་། མུ་མཐུད་དུ་སྔར་ལས་དྲང་བདེན་དང་ཞི་བདེ། འདྲ་མཉམ་བཅས་ཀྱི་དུས་རབས་ཉེར་གཅིག་པ་ཞིག་གསར་སྐྲུན་དགོས་པས། རྒྱལ་ཁབ་ཚང་མ་ལས་དོན་དེའི་ཁྲོད་ཞུགས་དགོས་ཟེར།

ཁོ་མོས་བསྟན་དོན། ཨ་མེ་རི་ཁས་ཉིས་སྟོང་བཅུ་གཅིག་ལོ་ནས་བཟུང་ཚོགས་གྲོན་མ་སྤྲད་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་ཨ་མེ་རི་ཁའི་མཉམ་ལས་གྲོགས་པོའི་འབྲེལ་བ་དེ་ཇེ་ཟབ་ཏུ་སོང་ཡོད་ཟེར། ཁོ་མོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཡིག་རྨོངས་སེལ་བ་དང་སློབ་གསོའི་རྒྱུ་སྤུས་ཇེ་མཐོར་གཏོང་བ། ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་པ་སོགས་ཐད་ཀྱི་བྱ་བ་དེ་ཨ་མེ་རི་ཁའི་མང་ཚོགས་ཀྱི་འདོད་བློ་དང་མཐུན་པར་ཡིད་ཆེས་ཡོད་ཟེར།

ཉིས་སྟོང་བཅུ་གཅིག་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཚོགས་ཆེན་ནས་འདེམ་ཤོག་འཕངས་ཏེ་ཕཱ་ལེ་སི་ཐན་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་གིས་རྩ་འཛུགས་དེར་ཞུགས་པའི་གྲོས་གཞིར་གྲོས་འཆམ་བྱུང་། ཨ་མེ་རི་ཁའི་སྲིད་གཞུང་གིས་དེའི་རྗེས་སུ་དོན་དེར་རྒོལ་ལན་སྤྲོད་པའི་ཆེད་དུ། ཨ་མེ་རི་ཁས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཚོགས་གྲོན་སྤྲོད་མཚམས་འཇོག་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།