ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོས་ཨ་ཧྥུ་ཀ་ནི་སི་ཐན་གྱི་གྲོང་ཁྱེར་ཁ་པུར་ལ་སྐྲུན་རོགས་བྱས་པའི་རྣམ་གྲངས་ལས་འགོ་ཚུགས་པའི་མཛད་སྒོ་འཚོགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཟླ10ཚེས10ཉིན། ཀྲུང་གོས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཁ་པུར་སློབ་ཆེན་ལ་སྐྲུན་རོགས་བྱས་པའི་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་དང་ཚོགས་ཁང་གི་རྣམ་གྲངས་སྐྲུན་འགོ་ཚུགས་པའི་མཛད་སྒོ་ཚེས་10ཉིན་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ས་ཁ་པུར་དུ་འཚོགས་པ་དང་། ཨ་ཧྥུ་ཀ་ནི་སི་ཐན་གྱི་དབུ་བཞུགས་ལག་བསྟར་དཔོན་ཨ་ཕུ་ཏུའུ་ལ་དང་། མཐོ་རིམ་སློབ་གསོ་པུའི་པུའུ་ཀྲང་ལུའོ་ཧྲང་། ཨ་ཧྥུ་ཀ་ནི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡའོ་ཅིང་སོགས་ཞུགས་ཡོད་པ་རེད།

ཨ་ཕུ་ཏུའུ་ལས་ཨ་ཧྥུ་ཀ་ནི་སི་ཐན་གྱི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཀྲུང་གོས་ཨ་ཧྥུ་ཀ་ནི་སི་ཐན་གྱི་སློབ་གསོའི་ཁྱབ་ཁོངས་ལ་ལེགས་སྐྱེས་ཕུལ་བ་དང་མཉམ་ལས་བྱས་པར་བསྔགས་བརྗོད་བྱས་པ་རེད། ཁོང་གིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་མཐོ་རིམ་སློབ་གསོའི་ཁྱབ་ཁོངས་ལ་མ་འཇོག་བྱེད་པའི་དམིགས་ཡུལ་ནི་ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་རབས་རྗེས་མར་དེ་བས་བདེ་འཇགས་ལྡན་པའི་ཕན་བདེ་དང་འབྱུང་འགྱུར་གཏོད་ཆེད་ཡིན། ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་གིས་ཀྲུང་གོས་ཨ་ཧྥུ་ཀ་ནི་སི་ཐན་གྱི་སློབ་གླིང་མཐོ་ཤོས་ཁ་པུར་སློབ་ཆེན་དུ་འགག་རྩའི་རང་བཞིན་གྱི་འཛུགས་སྐྲུན་སྒྲིག་བཀོད་གཉིས་སྐྲུན་རོགས་བྱས་པར་དགའ་བསུ་ཞུ་རྒྱུ་ཡིན། རྣམ་གྲངས་བསྐྲུན་རྗེས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལ་སློབ་ཁྲིད་སྒྲིག་ཆས་དང་བྱེད་སྒོ་སྤེལ་ཡུལ་དེ་བས་མང་བ་མཁོ་འདོན་ཐུབ་རྒྱུ་ཡིན་པས་མཐོ་སློབ་ཀྱི་སློབ་གསོའི་ཆུ་ཚད་མཐོ་རུ་ཕྱིན་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་མཐོ་རིམ་སློབ་གསོའི་ཁྱབ་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་བརྗོད།
     ཡའོ་ཅིང་གིས་ཀྲུང་གོ་དང་ཨ་ཧྥུ་ཀ་ནི་སི་ཐན་ནི་མཛའ་གྲོགས་ཟབ་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་མཛའ་བརྩེའི་ལོ་རྒྱུས་ཡུན་རིང་ལྡན་པས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་མཛའ་གྲོགས་ཟབ་མོ་དེ་མུ་མཐུད་རྒྱུན་འཛིན་བྱེད་དགོས། རྣམ་གྲངས་དེ་རྒྱལ་ཁབ་གཉིས་པོའི་མཐོ་རིམ་འགོ་ཁྲིད་པས་ཐུན་མོང་ཐོག་གཏན་འཁེལ་གནང་བ་ཞིག་ཡིན་པས་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད།
     རྣམ་གྲངས་དེ་ཀྲུང་གོ་ལྕགས་བཞུ་ཚོགས་པ་ཚད་ཡོད་ཀུང་སི་བཅུ་དགུ་པས་སྐྲུན་འགན་ཁུར་བ་དང་། 2019ལོའི་ལོ་མཇུག་ཏུ་ལས་མཇུག་སྒྲིལ་རྒྱུ་ཡིན་པ་དང་སྐྲུན་ཟིན་རྗེས་ཁ་པུར་སློབ་ཆེན་གྱི་འཛུགས་སྐྲུན་ཕྱོགས་བསྡུས་ཚོམ་བུ་ཆེ་ཤོས་དང་མཚོན་རྟགས་རང་བཞིན་གྱི་སྐྲུན་དངོས་གལ་ཆེ་ཤོས་སུ་འགྱུར་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།