ཀྲུང་གོ་བོད་ཀྱི་དྲ་བ།

​མཚན་མོར་ཏོ་ནུ་གཙང་པོར་འཆམ་འཆམ་བྱེད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སིར་ཡུལ་སྐོར་དུ་འགྲོ་སྐབས་ངས་མཚན་མོར་གྲུ་གཟིངས་བསྡད་དེ་པུ་ཏ་ཕེ་སིར་རྒྱུག་པའི་ཏོ་ནུ་གཙང་པོར་འཆམ་འཆམ་དུ་ཕྱིན་པ་དང་ཏོ་ནུ་གཙང་པོའི་རིང་ཚད་ཡོངས་ལ་སྤྱི་ལེ2800ཡོད་པ་དེའི་ཆུ་འགོ་འཇར་མན་གྱི་ནགས་ཚལ་ཁྲོད་དུ་ཡོད་པ་དང་རོ་མ་ནི་ཡའི་ཧེ་ཧའེ་གཙང་པོར་རྒྱུག་གི་ཡོད་ལ་པུ་ཏ་ཕེ་སིར་རྒྱུག་པའི་རིང་ཚད་སྤྱི་ལེ29ཙམ་ཟིན་གྱི་ཡོད། འཛམ་གླིང་གི་གྲོང་ཁྱེར་མང་པོ་ཞིག་གི་གཙང་པོའི་སྟེང་ཡུལ་སྐོར་གྲུ་གཟིངས་ཡོད་མོད། འོན་ཀྱང་པུ་ཏ་ཕེ་སིའི་ཏོ་ནུ་གཙང་པོའི་གཞོགས་གཅིག་རིར་བཅོལ་སྟབས་རི་འགྲམ་གྱི་གཙང་པོའི་ཐོག་ཡུལ་སྐོར་བྱེད་པར་དམིགས་བསལ་གྱི་མྱོང་ཚོར་ཞིག་སྦྱིན་ཐུབ།

པུ་ཏ་ཕེ་སིར“ཡོ་རོབ་ཤར་རྒྱུད་ཀྱི་ཕ་རི་སི”དང“ཏོ་ནུ་གཙང་པོའི་དྭངས་གསལ་མུ་ཏིག”ཅེས་བརྗོད་སྲོལ་ཡོད་པ་དེ་ནི་ཏོ་ནུ་གཙང་པོའི་དབུས་རྒྱུད་ཀྱི་གྲོང་ཁྱེར་པུ་ཏ་དང་ཕེ་སིར་བརྟེན་ནས་མིང་དེ་ལྟར་ཐོབ་ཡོད། ཏོ་ནུ་གཙང་པོའི་ནུབ་ངོས་ཀྱི་གྲོང་ཁྱེར་དེར་པུ་ཏ་དང་ཤར་ངོས་ཀྱི་གྲོང་ཁྱེར་དེར་ཕེ་སི་ཞེས་བརྗོད།

གཙང་ངོས་སུ་བསིལ་རླུང་དལ་བུར་ལྡང་བ་དང་གྲུ་གཟིངས་བསྡད་དེ་ཡུལ་སྐོར་བྱེད་མཁན་རྣམས་ལ་སྣང་བ་སྐྱིད་པའི་ཚོར་སྣང་ཞིག་སྦྱིན་ཞིང་། གྲུ་གཟིངས་ཀྱིས་རྦ་རླབས་དེད་དེ་སྐྱོད་སྐབས་ངོགས་གཉིས་པོའི་མཛེས་ལྗོངས་འདྲེན་བྱེད་ཡུལ་དུ་གསལ་ལྷང་ངེར་མངོན་གྱི་ཡོད། སྐྲུན་དངོས་བརྗིད་ཉམས་ཆེ་ཤོས་ནི་རྩེ་མོ་རྣོ་བའི་མཆོད་རྟེན365ཡོད་པའི་རྒྱལ་ཚོགས་ཁང་ཆེན་ཡིན་པ་དང་རྩེ་མོ་རྣོ་བའི་མཆོད་རྟེན་མཐོ་ཤོས་དེར་མཐོ་ཚད་སྨི96ཡོད་ཅིང་། དེ་ནི་སྤྱི་ལོ896ལོར་ཧང་ག་རི་བཙུགས་པར་དྲན་གསོ་ཞུ་ཆེད་ཡིན་པ་དང་1885ལོ་ནས་1904ལོ་བར་བསྐྲུན་པ་དེ་ནི་ཨ་ཀེན་ཐིན་དང་དབྱིན་ཇི་ཕུད་པའི་བརྗིད་ཉམས་ཆེ་ཤོས་ཀྱི་རྒྱལ་ཚོགས་ཁང་ཆེན་ཞིག་རེད། 1896ལོ་ནི་ཧང་ག་རིའི་སྐྱས་སྤོས་འབྲོག་པ་གཞིས་ཆགས་པ་དང་རྒྱལ་ཁབ་བཙུགས་ནས་ལོ1000འཁོར་བའི་ལོ་ཡིན་ཞིང་། བྱ་བ་གལ་ཆེན་དེར་རྟེན་འབྲེལ་ཞུ་ཆེད་དུས་རབས19པའི་དུས་སྨད་ནས་བཟུང་ཧང་ག་རིའི་རྒྱལ་ཡོངས་སུ་བཟོ་སྐྲུན་རྣམ་གྲངས་ཆེ་གྲས3500ལྷག་ཙམ་གསར་སྐྲུན་བྱས་པའི་ནང་རྒྱལ་ཚོགས་ཁང་ཆེན་ནི་དེའི་ཡ་གྱལ་ཞིག་རེད།ཀེ་ལེ་ཐེ་རི་བོའི་རྩེ་མོར་མཐོ་ཚད་སྨི40ཡོད་པའི་རང་དབང་ལྷ་མོའི་འཇིམ་བརྙན་ཞིག་ཡོད་པ་དེའི་གཙོ་གཟུགས་ནི་ཀེ་རེར་ལངས་པའི་ན་ཆུང་བུ་མོ་ཞིག་ཡིན་ཞིང་། ལག་གཉིས་ཀྱིས་ཏ་ལའི་ལོ་མ་ཆེན་པོ་ཞིག་མཐོན་པོར་བཏེགས་པ་དེས་ཞི་བདེའི་རེ་འདོད་བྱེད་པ་མཚོན་ཡོད། 1947ལོའི་ཟླ4ཚེས4ཉིན་དྲན་གསོའི་རྡོ་རིང་དེ་སུའུ་ལན་གྱི་དམག་དཔུང་གིས་ཧང་ག་རིའི་ས་ཁོངས་ཡོངས་ལ་བཅིངས་འགྲོལ་བཏང་ནས་ལོ་གཉིས་འཁོར་བའི་དྲན་གསོའི་ཉིན་མོར་ཡོལ་བ་ཕྱེ་སྟེ“བཅིངས་འགྲོལ་གྱི་དྲན་གསོའི་རྡོ་རིང”ཞེས་མིང་བཏགས་པ་དང་ན་ཆུང་བུ་མོས་ཏ་ལའི་ལོ་མ་མཐོན་པོར་བཏེགས་པའི་འཇིམ་བརྙན་དེ་རྗེས་སུ་པུ་ཏ་ཕེ་སི་དང་ཐ་ན་ཧང་ག་རིའི་མཚོན་རྟགས་སུ་གྱུར་ཡོད། 1990ལོར་ཧང་ག་རིར་ཆབ་སྲིད་འགྱུར་ལྡོག་བྱུང་རྗེས་འཇིམ་བརྙན་དེ་གང་དུ་འཇོག་མིན་ཐད་རྩོད་གླེང་བྱུང་བ་དང1993ལོར་པུ་ཏ་ཕེ་སིའི་གྲོང་ཁྱེར་སྲུང་སྐྱོབ་ཨུ་ལྷན་དང་ཧང་ག་རིའི་ཚན་རིག་ཁང་གི་ལོ་རྒྱུས་ཞིབ་འཇུག་སུའོ་ཡིས་གཏན་འཁེལ་བྱས་པ་བརྒྱུད་འཇིམ་བརྙན་དེ་ཉར་འཇོག་བྱས་ཏེ“རང་དབང་དྲན་གསོའི་རྡོ་རིང”ཞེས་མིང་བསྒྱུར། ད་ཆ་འཇིམ་བརྙན་དེ་གནས་ཡུལ་ཀེ་ལེ་ཐེ་རི་བོ་དེའང་མི་ཚོས་སོས་དལ་དང་ལྟ་སྐོར་བྱ་ཡུལ་དུ་གྱུར་ནས་ལོ་ལྟར་ཟླ8ཚེས20ཉིན་གྱི་ཧང་ག་རིའི་རྒྱལ་སྟོན་སྐབས་འཇིམ་བརྙན་ཁུལ་དེ་ཤོག་སྦག་ཚོན་ཁྲ་ཅན་སྤོར་ཡུལ་ཡིན་པ་དང་ཚོན་མདོག་རྣམ་པར་བཀྲ་བའི་ཤོག་སྦག་ཁྲོད་ཏ་ལའི་ལོ་མ་མཐོན་པོར་བཏེགས་པའི་ན་ཆུང་བུད་མེད་དེ་དེ་བས་མཚར་སྡུག་ལྡན་པར་གྱུར་གྱི་ཡོད།

ཏོ་ནུ་གཙང་པོའི་མཛེས་ལྗོངས་དེ་ནི་རྒྱང་རིང་ནས་གོང་མའི་ཕོ་བྲང་དང་། ཆོས་ཁང་། ཁང་ཆེན་སོགས་གྲགས་ཅན་སྐྲུན་དངོས་མཐོང་རྒྱུ་ཡོད་པ་ཕུད། ངར་བག་ཆགས་ཟབ་ཤོས་བྱུང་བ་ནི་གཙང་པོའི་སྟེང་གི་ཟམ་ཆེན་དེ་དག་ཡིན། ཏོ་ནུ་གཙང་པོའི་སྟེང་ཟམ་ཆེན་10ཡོད་པ་དང་དབུས་རྒྱུད་ཀྱི་ཟམ་ཆེན་ལྔ་པོ་དེ་དག་མཛེས་ཤོས་ཡིན་པ་དེའི་ནང་ལོ་རྒྱུས་རིང་ཤོས་ལྡན་པ་ནི་གྲོང་ཁྱེར་པུ་ཏ་དང་ཕེ་སི་དབར་འབྲེལ་མཐུད་བྱེད་པའི་ཟམ་ཆེན་དང་པོ་ཡིན་ལ་ལོ་མང་རིང་པུ་ཏ་ཕེ་སིའི་མཚོན་རྟགས་ཡིན་པའི་ལྕགས་ཐག་ཟམ་པ་དེ་ཡང་ཡིན་པ་དང་མཚན་མོའི་གློག་འོད་འོག་ཟམ་སྟེང་གི་ལྕགས་ཐག་ལས་འོད་ཆེམ་ཆེམ་དུ་འཕྲོ་བཞིན་མཆིས། མ་ཀེ་ལི་ཐེ་ཟམ་ཆེན་ནི་ཏོ་ནུ་གཙང་པོའི་སྟེང་གི་ཟམ་ཆེན་གཉིས་པ་དེ་ཡིན་པ་ཕུད་ད་དུང་ཧྥེ་ཏུའོ་ཕེ་ཟམ་པ་དང་། ཚོན་མདོག་དཀར་པོའི་དབྱི་ལིས་ཧྲ་པེ་ཟམ་པ། ལྗང་མདོག་གི་རང་དབང་ཟམ་པ་བཅས་ཡོད་ཅིང་། དེ་དག་བརྗིད་ཉམས་ཆེ་བ་དང་། བཀོད་པ་མཛེས་ཤིང་ཡིད་དུ་འོང་བ། སྟབས་བདེ་ཞིང་ལྟ་སྣང་དོད་པ་བཅས་རང་སོ་སོའི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་ཐོག་ནས་ཧང་ག་རིའི“མ་ཡུམ་གཙང་པོར”ཡིད་དབང་འཕྲོག་ཤུགས་འཛད་མེད་སྦྱིན་ཡོད།

དབྱི་ལི་ཧྲ་པེ་ཟམ་པའི་ཕེ་སིའི་གཞོགས་གཅིག་ཏུ་འཇིམ་བརྙན་མཐོ་པོ་ཞིག་ཡོད་པ་དེར་ཧང་ག་རིའི་རྒྱལ་གཅེས་རིང་ལུགས་ཀྱི་གྲགས་ཅན་སྙན་ངག་པ་ཧྥེ་ཏུའོ་ཕེའི་གཟུགས་བརྙན་བརྐོས་པ་དེ་ཐོག་ནས1848ལོའི་ཟླ3ཚེས15ཉིན་ཁོང་གིས་ཧང་ག་རིའི་མི་རིགས་རྟེན་རྫས་བཤམས་མཛོད་ཁང་གི་མདུན་དུ་ཁོང་གི་གྲགས་ཅན་སྙན་རྩོམ་《མི་རིགས་ཀྱི་གླུ་དབྱངས་》ཞེས་པ་གྱེར་འདོན་བྱེད་སྐབས་ཀྱི་རྣམ་པ་མཚོན་ཡོད། ཁོང་གིས་མི་ཚོར་གོ་མཚོན་འཁྱེར་ནས་ཧ་པོ་སི་པོའི་རྒྱལ་རབས་མགོ་རྟིང་བསློགས་ཏེ་མི་རིགས་རང་དབང་དང་རང་བཙན་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། ད་ཆ་ལོ་ལྟར་གྱི་ཟླ3ཚེས15ཉིན་མི་ཚོ་དེ་གར་ཡོང་ནས་རླབས་ཆེའི་སྙན་ངག་པ་དང་གསར་རྗེའི་འཐབ་འཛིང་པ་དེར་དྲན་གསོ་ཞུ་གི་ཡོད།མཚན་མོར་པུ་ཏ་ཕེ་སིའི་ཏོ་ནུ་གཙང་པོར་འཆམ་འཆམ་བྱེད་སྐབས་ངས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དེ་སེམས་ནང་ངེས་པ་མ་ཟད་རྒྱལ་ཁབ་གཅིག་དང་གྲོང་ཁྱེར་གཅིག་གི་འཕོ་འགྱུར་དེ་དྲག་ཏུ་རྒྱུག་པའི་གཙང་ཆུ་ལྟར་ནམ་ཡང་ཚུར་ལོག་བྱེད་མི་སྲིད་པའི་ཚོར་སྣང་ཆེན་པོ་ཞིག་བྱུང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།