ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་མཁའ་འགྲུལ་ཀུང་སིས་གད་སྙིགས་འགྲུལ་སྐྱེལ་གནམ་གྲུའི་འབུད་རྫས་སུ་སྒྱུར་རྩིས་ཡོད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཉེ་ཆར། དབྱིན་ཇིའི་མཁའ་འགྲུལ་ཀུང་སིས་ཀུང་སི་གཞན་དག་དང་མཉམ་ལས་བྱས་ནས་བཟོ་གྲྭ་ཁ་ཤས་ཇུས་འགོད་ཀྱིས་བསྐྲུན་རྒྱུ་ཡིན་པའི་ནང་སྒྲིག་ཆས་ཀྱིས་ཁྱིམ་ཚང་གི་འཚོ་བའི་གད་སྙིགས་མཁའ་འགྲུལ་འབུད་རྫས་སུ་བསྒྱུར་ནས་གནམ་གྲུར་སྤྱོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཤིང་། དེས་གད་སྙིགས་གཙང་སེལ་གྱི་དཀའ་ངལ་སེལ་ཐུབ་རྒྱུ་མ་ཟད། དྲོད་ཁང་གི་བཙོག་འབུད་ཉུང་གཏོང་ལའང་ཕན་ཐོགས་ཡོད་པ་རེད།

ཇུས་འགོད་ལྟར་ན། བཟོ་གྲྭ་ཐོག་མས་ཐོན་སྐྱེད་བྱས་པའི་འབུད་རྫས་ཀྱིས་དབྱིན་ཇིའི་མཁའ་འགྲུལ་ཀུང་སིའི་འོག་གི་སྒྲ་རླབས་787རྟགས་ཅན་གྱི་གནམ་གྲུ་ལོ་ཧྲིལ་པོར་ལོན་ཏོན་ནས་ཨ་རིའི་ཅ་ལི་ཧྥོ་ནེ་ཡ་ཀྲོའུ་ཡི་ཧྲེང་ཧོ་སའེ་དང་ཤིན་ཨོའར་ལན་གཉིས་ལ་འཕུར་བའི་མཁའ་ལམ་གྱི་འབུད་རྫས་འདང་ངེས་ཡོད། དབྱིན་ཇིའི་མཁའ་འགྲུལ་ཀུང་སིས་སྲོལ་རྒྱུན་གྱི་འབུད་རྫས་དང་བསྡུར་ན་བཟོ་གྲྭ་དེ་གའི་འབུད་རྫས་སྤྱད་ན་དྲོད་ཁང་གི་བཙོག་འབུད་དམའ་རུ་གཏོང་ཚད་60%ཡན་ཟིན་ཐུབ་པ་དང་། སླད་ཕྱིན་གྱི་ལོ་10རིང་། ཀུང་སི་དེས་གནམ་གྲུའི་རུ་ཁག་ལ་འབུད་རྫས་དེ་རིགས་སྤྱོད་ཚད་རིམ་གྱིས་ཇེ་མང་དུ་གཏོང་རྩིས་ཡོད་ཅེས་བརྗོད།

དབྱིན་ཇིའི་མཁའ་འགྲུལ་ཀུང་སི་ཨ་མའི་རྒྱལ་སྤྱིའི་མཁའ་འགྲུལ་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་ཝུའེ་ལི·ཝོར་ཧྲིས། ཁྱིམ་ཚང་གི་འཚོ་བའི་གད་སྙིགས་མཁའ་འགྲུལ་གྱི་འབུད་རྫས་སུ་བསྒྱུར་པ་ནི་གསར་གཏོད་ཧ་ཅང་ཡག་པོ་ཞིག་རེད། འབུད་རྫས་གཙང་མ་ཐོན་སྐྱེད་བྱེད་པ་དང་ཆབས་ཅིག་གད་སྙིགས་སྦ་བའི་དགོས་མཁོ་ཉུང་དུ་གཏོང་ཐུབ་ཅེས་བཤད།

དབྱིན་ཇིའི་མཁའ་འགྲུལ་ཀུང་སིས་མཁོ་འདོན་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། དབྱིན་ཇིས་ལོ་ལྟར་གད་སྙིགས་སྦ་ཡུལ་ལ་གད་སྙིགས་ཏུན་ཁྲི1500ལྷག་དབོར་གྱི་ཡོད།  གཞན་ཡང་དབྱིན་ཇི་སྲིད་གཞུང་གིས་ཀྱང་འབྲེལ་ཡོད་ཀྱི་དོ་དམ་སྲོལ་ཡིག་ལ་བཟོ་བཅོས་རྒྱག་གི་ཡོད་པ་དང་། སླད་ཕྱིན་བྱེད་ཐབས་ཁག་གཅིག་ལ་བརྟེན་ནས་སྔར་བས་ཁོར་ཡུག་སྲུང་སྐྱོང་ལ་འཕྲོད་པའི་མཁའ་འགྲུལ་གྱི་འབུད་རྫས་མཁའ་འགྲུལ་ཀུང་སིས་སྤྱོད་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།