ཀྲུང་གོ་བོད་ཀྱི་དྲ་བ།

​རྐང་འཁོར་སེར་པོ་ཧྥུའུ་ཅི་བའི་ལུས་སྦྱོང་གི་དར་སྲོལ་གསར་པ་ཞིག་ཏུ་གྱུར།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     མི་དམངས་དྲ་བའི་འཕྲིན། ཉེ་དུས་ཧྥུའུ་ཅིའི་གྲོང་ཁུལ་རྙིང་པའི་ཚོན་མདོག་སྣ་ལྔའི་རྐང་འཁོར་འཇོག་ཁང་དུ་སློབ་གོས་གྱོན་པའི་ཐེ་ལན་གྱི་སློབ་མས་སློབ་གྲྭ་གྲོལ་རྗེས་སྤྱི་སྤྱོད་རྐང་འཁོར་སེར་པོ་བཞོན་ནས་འགྲོ་སྐྱོད་བྱེད་པའི་སྣང་ཚུལ་མཐོང་རྒྱུ་འདུག
     ཧྥུའུ་ཅིར་རྐང་འཁོར་སེར་པོofoཡོད་པ་མཐོང་སྐབས་ཀྲུང་གོའི་འགྲུལ་པ་འགའ་ཞིག་དགའ་སྤྲོ་དཔག་མེད་སྐྱེས། གད་མོ་དགོད་བཞིན་དུ་ཁ་པར་བཏོན་ནས་རྒྱལ་ནང་དུ་ཕབ་ལེན་བྱས་པའི་ལག་ཐོགས་ཁ་པར་ཐོག་གི་མཉེན་ཆས་སྤྱད་པས་རྐང་འཁོར་གྱི་སྒོ་ལྕགས་ཕྱེ་བ་དང་ཆབས་ཅིག་དེ་དངོས་གནས་སྟབས་ཧ་ཅང་བདེ་པོ་འདུག་ཅེས་བརྗོད།
     ofoདེ་འདི་ལོའི་ཟླ་9ཚེས་20ཉིན་ཧྥུའུ་ཅིའི་གྲོང་ཁུལ་རྙིང་པ་དང་། སློབ་ཆེན། སྤྱི་གླིང་སོགས་སུ་རྐང་འཁོར་སེར་པོ1000ཙམ་བཞག་པ་དང་འབྲེལ། ཟླ10པའི་ནང་གཏའ་དངུལ་འཇོག་དགོས་མེད་པར་རིན་མེད་ངང་རྐང་འཁོར་བཞོན་ཆོག་པའི་གཟིགས་སྐྱོང་བྱེད་སྒོ་ཁྱབ་གདལ་བཏང་ཡོད་པ་རེད།
     རྐང་འཁོར་བཞོན་རྒྱུར་དགའ་བའི་ཐེ་ལན་གྱི་བུད་མེད་སློབ་མ་ཨ་ཏུང་གིས་ལས་དོན་པའི་ཁྲིད་སྟོན་འོག་ལག་ཐོགས་ཁ་པར་ཐོག་མཉེན་ཆས་ཕབ་ལེན་བྱས། སྒོ་ལྕགས་བདེ་བླག་ངང་ཕྱེ་བས་ཁོང་མོས་རྐང་འཁོར་སེར་པོ་ཐེངས་དང་པོ་བཞོན།“ང་སྤྱི་སྤྱོད་རྐང་འཁོར་དེར་ཧ་ཅང་དགའ་པོ་ཡོད། གཞུང་ལམ་ཐོག་མི་མི་ཉུང་བ་ཞིག་གིས་བཞོན་པ་མཐོང་བྱུང་། སྤྱི་སྤྱོད་རྐང་འཁོར་ཧྥུའུ་ཅིར་དགའ་བསུ་ཐོབ་རྒྱུ་ཉག་གཅིག་རེད”ཅེས་བཤད།
     རྐང་འཁོར་འདིས་ཕྱིར་འགྲོ་རྒྱུར་སྟབས་བདེ་བསྐྲུན་པ་མ་ཟད། ད་དུང་ཧྥུའུ་ཅིའི་གྲོང་མིའི་སྦྱོང་བརྡར་གྱི་གདམ་ག་གསར་པ་ཞིག་ཏུ་གྱུར།
     ཧྥུའུ་ཅི་རྒྱལ་པོ་སྐུ་ཐོག་དགུ་པའི་སྤྱི་གླིང་དུ་ཞོགས་པ་དང་ཕྱི་དྲོའི་མཚམས་སུ་མི་མི་ཉུང་བ་ཞིག་གིས་རྐང་འཁོར་སེར་པོ་གཟུགས་པོར་སྦྱོང་བརྡར་བྱེད་པའི་ཡོ་བྱད་ལ་བརྩིས་ཏེ་སྤྱི་གླིང་གི་རྐང་འཁོར་འགྲོ་སའི་ཐོག་རྐང་འཁོར་བཞོན་པ་མཐོང་རྒྱུ་ཡོད། ཨུ་རུ་སུ་བ་དབྱི་ཀེར་གྱིས་ཆེད་མངགས་སྦག་སྦག་བཞོན་ནས་རྐང་འཁོར་སེར་པོ་གཏོང་བར་ཡོང་བ་དང་ཐེ་ལན་བ་ཐཱ་ན་ཀུང་ཡང་སྤྱི་གླིང་ནང་རྐང་འཁོར་བཞོན་པར་ཡོང་ཡོད། ཁོང་ཚོ་ཚང་མས་སྤྱི་སྤྱོད་རྐང་འཁོར་རིན་གོང་དམའ་པོ་འདུག་ལ་སྟབས་བདེ་པོའང་འདུག་ཅེས་བསྔགས་བརྗོད་བྱེད་ཅེས་བཤད།
     ད་ལོ་ལོ55ལ་སླེབས་པའི་ས་གནས་དེ་གའི་གྲོང་མི་ལུའོ་པིན་ཉིན་ལྟར་སྤྱི་གླིང་ནང་རྐང་འཁོར་སེར་པོ་བཞོན་པར་ཡོང་གི་ཡོད། ཁོང་གིས་ཧྥུའུ་ཅི་བ་ཚོར་གཟུགས་པོར་སྦྱོང་བརྡར་བྱེད་པའི་ཡོ་བྱད་ཉུང་བས། སྤྱི་སྤྱོད་རྐང་འཁོར་འདི་ཉིད་སྦྱོང་བརྡར་བྱེད་པའི་གདམ་ག་གསར་པ་ཞིག་ཏུ་གྱུར་ཡོད། ཚང་མས་རྐང་འཁོར་མང་ཙམ་བཞོན་ནས་གཟུགས་པོར་སྦྱོང་བརྡར་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
     རྟ་བདུན་དབང་པོ་ཆུ་ལྷའི་ཕང་བར་རིམ་གྱིས་བཞུད་བས་རྐང་འཁོར་སེར་པོའི་གློག་སྒྲོན་སྤྱི་གླིང་ནང་དེ་བས་མངོན་གསལ་དོད་དུ་སོང་། གྲོང་ཁུལ་རྙིང་པར་རྐང་འཁོར་བཞོན་མཁན་ཐ་ཐོར་ཙམ་ལས་མེད་པ་དང་བསྡུར་ན་སྤྱི་གླིང་ནང་དེ་བས་མང་བ་ཡོད། “ཕྱིར་སྐྱོད་པའམ་ཡང་ན་གཟུགས་པོར་སྦྱོང་བརྡར་བྱེད་པ་གང་ཡིན་ཡང་། སྤྱི་སྤྱོད་རྐང་འཁོར་དེས་ཐེ་ལན་སྔར་བས་མཛེས་སྡུག་ལྡན་པར་འགྱུར་ངེས་རེད”ཅེས་ofoཡི་ས་གནས་དེ་གའི་ལས་མི་ཕེ་ས་ནུའུ་ཡིས་གསར་འགོད་པར་དེ་ལྟར་བཤད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།