ཀྲུང་གོ་བོད་ཀྱི་དྲ་བ།

ལུའུ་ཧཱ་ནེ་ཡིས་སོ་ཏི་ཨ་རབ་ཀྱིས་དབྱི་ལིང་དགྲ་རུ་འཛིན་པ་ནི་འཐབ་ཇུས་རང་བཞིན་གྱི་ནོར་འཆུག་ཅིག་ཡིན་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་བརྒྱད་ཉིན་སོ་ཏི་ཨ་རབ་ལ་བརྡ་བཏང་སྟེ། དབྱི་ལིང་གི་སྟོབས་ཤུགས་གསལ་འདེབས་བྱས་པ་དང་། ཞོར་དུ་ཞི་བདེའི་རྣམ་འགྱུར་བསྟན། སོ་ཏི་ཨ་རབ་ཀྱིས་དབྱི་ལིང་དགྲ་རུ་འཛིན་པ་ནི་འཐབ་ཇུས་རང་བཞིན་གྱི་ནོར་འཆུག་ཅིག་རེད་ཟེར།

ས་ཁུལ་རང་གི་རྒྱལ་ཁབ་ཆེན་མོ་གཉིས་ཡིན་པའི་ཆ་ནས། ཧྲི་ཡེ་ཕྱོགས་ཁག་གིས་སྲིད་འཛིན་པའི་དབྱི་ལིང་དང་ཞོན་ནེ་ཕྱོགས་ཁག་གིས་སྲིད་འཛིན་པའི་སོ་ཏི་ཨ་རབ་གཉིས་ཀྱིས་དུས་ཡུན་རིང་བོར་ཕན་ཚུན་འགྲན་ཡ་དང་འཇིགས་ཉེན་དུ་བལྟས་ཡོད། མིག་སྔར་རྒྱལ་ཁབ་གཉིས་ཀྱིས་ལེ་པཱ་ནུན་གྱི་ཙུང་ལི་ཧཱ་ལི་ལི་ཡིས་གློ་བུར་དུ་སོ་ཏི་ཨ་རབ་ནས་ལས་ཁུར་དགོངས་ཞུ་བྱས་པ་དང་ཡེ་མིན་ནང་འཁྲུག་བྱུང་བའི་དབང་གིས་ཡང་བསྐྱར་ཕན་ཚུན་ཁ་འཐབ་བྱས།

ཧཱ་ལི་ལི་ཡིས་ཚེས་བཞིའི་ཉིན་སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱེད་སྐབས་གློ་བུར་དུ་སོ་ཏི་ཨ་རབ་ཀྱི་བརྙན་འཕྲིན་ཁང་བརྒྱུད་དེ་ལས་ཁུར་དགོངས་ཞུ་བྱེད་པའི་གསལ་སྒྲོག་སྒྲོག་འདོན་བྱས། ཁོས་དབྱི་ལིང་གིས་ཨ་རབ་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱས་ཏེ་ཨ་རབ་རྒྱལ་ཁབ་ལ་རྩ་རྫོགས་བྱེད་རྩིས་ཡོད་པ་དང་། ཧྲི་ཡེ་ཕྱོགས་ཁག་ཏུ་གཏོགས་པའི་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་ནི་དབྱི་ལིང་གི་ངན་གྲོགས་རེད་ཟེར། ཁོས་ད་རུང་རང་ཉིད་ལ་ལྐོག་གསོད་ཀྱི་འཇིགས་ཉེན་ཐེབས་ཡོད་ཟེར།

ཀྲིན་ཀྲུའུ་ཏང་གི་མགོ་ཁྲིད་པ་ནཱ་སི་ལུའུ་ལཱ་ཡིས་བཤད་རྒྱུར། ཧཱ་ལི་ལི་ལ་སོ་ཏི་ཨ་རབ་ཕྱོགས་ཀྱི་བཙན་སྐུལ་ཐེབས་ཏེ་ལས་ཁུར་དགོངས་ཞུ་བྱས་པ་རེད་ཟེར། དབྱི་ལིང་གི་ཙུང་ཐུང་དྲ་ཚིགས་ནས་ཚེས་བརྒྱད་ནས་ལུའུ་ཧཱ་ནེ་ཡི་གསལ་སྒྲོག་སྤེལ་བ་ལས། ཁོས་ཀྱང་སོ་ཏི་ཨ་རབ་ཀྱིས་ཧཱ་ལི་ལི་ཡིས་ལས་ཁུར་དགོངས་ཞུ་བྱེད་པར་བཙན་སྐུལ་བྱས་པར་སྐྱོན་འཛུགས་བྱས་ཡོད་པ་དང་། དེ་ནི་སྔ་ན་མེད་པའི་བྱ་སྤྱོད་ཅིག་རེད་ཟེར།

སོ་ཏི་ཨ་རབ་ཀྱིས་ཉེ་སྔོན་དབྱི་ལིང་གིས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པར་མཚོན་ཆ་འདོན་སྤྲོད་བྱས་ཏེ་སོ་ཏི་ཨ་རབ་ལ་དཔུང་འཇུག་བྱེད་པའི་ཐད་བཀོལ་བ་ཡིན་པར་ངོས་བཟུང་ཡོད་པ་དང་། མངོན་སུམ་འཛེམ་མེད་ཀྱིས་བཙན་འཛུལ་བྱེད་པ་དང་སོ་ཏི་ཨ་རབ་ལ་དམིགས་པའི་འཐབ་འཁྲུག་རེད་ཟེར།

དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་གསལ་སྒྲོག་ནང་སོ་ཏི་ཨ་རབ་ལ་ཁྱོད་ཚོས་དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་གོ་གནས་ཤེས་དགོས་པའི་ཉེན་བརྡ་བཏང་། ལུའུ་ཧཱ་ནེ་ཡིས་སྐད་ཆ་དྲག་པོ་བཤད་པའི་ཞོར་དུ། དབྱི་ལིང་གིས་སོ་ཏི་ཨ་རབ་དགྲ་རུ་འཛིན་འདོད་མེད་པའི་ཚུལ་བསྟན་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།