ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་གྱི་གནས་སྐོར་གྲུ་གཟིངས་ཤིག་ལོག་ནས་ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གྱི་གནས་སྐོར་གྲུ་གཟིངས་ཤིག་ཚེས་བཅུ་གཉིས་ཉིན་གྱི་ས་སྲོད་ཨན་ཏི་ལཱ་པང་གི་ཝེ་ཅེ་ཡཱ་ཝ་ཏཱ་ས་ཁུལ་གྱི་ཁི་ལི་ཞེ་ནཱ་གཙང་བོའི་སྟེང་ལོག་ནས། ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ཚེས་བཅུ་གཉིས་ཉིན་གྱི་ས་སྲོད་ཀྱི་དུས་ཚོད་ལྔ་དང་སྐར་མ་ཞེ་ལྔའི་ཡས་མས་སུ་བྱུང་བ་དང་། མིག་སྔར་ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་ཡོད། དོན་རྐྱེན་དེའི་འབྱུང་རྐྱེན་ནི་གནས་སྐོར་གྲུ་གཟིངས་དེ་དཀྱོགས་མཚམས་ཤིག་བརྒྱུད་སྐབས་བཀག་དངོས་ལ་འཕྲད་དེ་ལོག་པ་རེད་ཟེར།

ཨན་ཏི་ལཱ་པང་གི་དཔོན་རིགས་ཀྱིས་བཤད་རྒྱུར། མིག་སྔར་མི་ཉི་ཤུ་བསྐྱབས་ཡོད་ཟེར། སྲོག་ཉེན་ལས་བསྐྱབས་པའི་མིས་བཤད་རྒྱུར། གནས་སྐོར་གྲུ་གཟིངས་དེ་གྲུ་ཁར་འབྱོར་ལ་ཉེ་སྐབས་ལོག་པ་དང་། སྐབས་ཐོག་དེར་གྲུ་གཟིངས་སྟེང་གི་འགྲུལ་བ་སོ་བརྒྱད་ཁྲོད་ཉེན་སྐྱོབ་ལྭ་བ་གྱོན་པ་གཅིག་ཀྱང་མེད་ཟེར།

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། གནས་སྐོར་གྲུ་གཟིངས་དེ་ནི་སྒེར་གཉེར་ཀུང་ཟི་ཞིག་ལ་གཏོགས་པ་དང་ལས་གཉེར་དཔང་ཡིག་མེད་ཟེར།

བསྒྲགས་པ་ལྟར་ན། ས་དེའི་སྲིད་གཞུང་གིས་མི་བརྒྱ་ལྷག་རྒུད་སྐྱོབ་བྱ་འགུལ་ཁྲོད་ཞུགས་པར་མངག་པར་མ་ཟད། བཀའ་རྒྱ་བཏང་སྟེ་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་དུ་བཅུག  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།