ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་ནས་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་ཕྲག་འགར་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་རག་བྱང་ཕྱོགས་ཀྱི་སུའུ་ལེ་མན་ནེ་ཡཱ་ཞིང་ཆེན་དུ་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་ས་འགུལ་དྲག་པོ་བྱུང་སྟེ། ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ཕྲག་འགར་རྨས་ཕོག་ཟེར།

དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་བསྒྲགས་པ་ལྟར་ན། ས་འགུལ་བྱུང་སའི་གནས་གཙོ་བོའི་ཉེ་འདབས་ཀྱི་ཏཱ་ཨར་པན་ཏིས་ཧན་གྲོང་རྡལ་དུ་མི་བཞི་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་ཕྲག་འགའ་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།

དབྱི་རག་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་སྲིད་གཞུང་གི་ཉམས་ཉེན་མཉམ་འབྲེལ་མཐུན་སྦྱོར་ལྟེ་གནས་ཀྱིས་བསྒྲགས་པ་ལྟར་ན། ས་འགུལ་དེ་ལས་མི་ལྔ་བརྒྱ་ལྷག་ལ་རྨས་ཕོག་ཡོད་པ་དང་། སུའུ་ལེ་མན་ནེ་ཡཱའི་ས་གནས་སྨན་ཁང་ལ་སྨན་བཅོས་མི་སྣ་དང་སྨན་བཅོས་སྒྲིག་ཆས། སྨན་རྫས་བཅས་ཀྱི་དགོས་མཁོ་ཧ་ཅང་ཆེ་ཟེར།

དབྱི་རག་བྱང་ཕྱོགས་ཀྱི་ཅི་ཨར་ཁུའུ་ཁི་ཞིང་ཆེན་གྱི་སྨན་ཁང་ཞིག་གིས་བཤད་རྒྱུར། ས་དེའི་མི་རེ་ལྔར་ས་འགུལ་ཁྲོད་རྨས་སྐྱོན་ཕོག་པ་དང་། རྨས་མ་མང་ཆེ་བས་གསོ་བཅོས་བྱས་རྗེས་སྨན་ཁང་དང་བྲལ་ཡོད་ཟེར།

དབྱི་རག་ཤར་ཕྱོགས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་གྱིས་བསྒྲགས་པ་ལྟར་ན། ཏིས་ཡཱ་ལཱ་ཞིང་ཆེན་གྱི་སྨན་ཁང་སོ་སོས་མིག་སྔར་ས་འགུལ་ཁྲོད་རྨས་སྐྱོན་ཕོག་པའི་མང་ཚོགས་བརྒྱ་དང་བཞི་བཅུ་དང་ལེན་བྱས་ཡོད་པ་དང་། དེའི་ནང་མང་ཆེ་བ་ནི་ལོ་ལོན་རེད་ཟེར།

གཞན་ཡང་དབྱི་རག་ནང་སྲིད་པུའུ་ཡིས་བསྒྲགས་པ་ལྟར་ན། རྒྱལ་ས་པཱ་ཀ་ཏཱ་ཡིས་མི་སྣ་ཤི་རྨས་ཀྱི་གནས་ཚུལ་བསྒྲགས་མེད་པ་དང་། ཁང་བ་རེ་འགར་ས་འགུལ་ཁྲོད་གཏོར་བཤིག་ཐེབས་ཡོད་ཟེར།

ཨ་མེ་རི་ཁའི་ས་གཤིས་རྟོག་ཞིབ་ཅུའུ་ཡིས་བསྒྲགས་པ་ལྟར་ན། དབྱི་རག་གི་སུའུ་ལེ་མན་ནེ་ཡཱ་ཞིང་ཆེན་གྱི་ཧཱ་ལེ་པུའུ་ཅེ་ས་ཁུལ་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་སོ་གཉིས་མཚམས་སུ་པེ་ཅིང་དུས་ཚོད་ཚེས་བཅུ་གསུམ་ཉིན་གྱི་ཞོགས་པའི་དུས་ཚོད་གཉིས་དང་སྐར་མ་བཅོ་བརྒྱད་སྟེང་ཚད་རིམ་བདུན་དང་གྲངས་ཆུང་གཉིས་ཀྱི་ས་འགུལ་བྱུང་བ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་སོ་བཞི་ཙམ་ཡོད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།