ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་གྲོས་མོལ་གྲོགས་པོའི་མགོ་ཁྲིད་པས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་ཧྥེ་ལེ་པེན་གྱི་རྒྱལ་ས་མཱ་ནེ་ལཱ་ནས་དགའ་སྟོན་མཛད་སྒོ་སྤེལ་བ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སོ་གཅིག་པ་དང་ཨེ་ཤ་ཡཱ་ཤར་ལྷོའི་མཉམ་ལས་མགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པར་ཞུགས་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གྲོས་མོལ་གྲོགས་པོའི་མགོ་ཁྲིད་པ་བཅས་ཀྱིས་མཉམ་དུ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་དགའ་སྟོན་རྟེན་འབྲེལ་ཞུས།

ཧྥེ་ལེ་པེན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་ཡིས་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ་བསྟན་དོན། ཉིས་སྟོང་བཅུ་བདུན་ལོའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཧྥེ་ལེ་པེན་གྱིས་བཅོས་བསྒྱུར་ལ་བརྟེན་ནས་འཛམ་གླིང་ཧྲིལ་བོར་མཉམ་འདྲེས་བྱེད་པའི་བརྗོད་སྙིང་གི་མཛུབ་སྟོན་འོག མུ་མཐུད་དུ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པར་མཐུན་སྦྱོར་བྱེད་པ་དང་། དཔལ་འབྱོར་གཞི་གཅིག་ཅན་ལ་ཤུགས་སྣོན་བྱས་ཏེ། ཐུན་མོང་གི་ཐོབ་ཐང་ངོས་འཛིན་བྱེད་པའི་ཞོར་དུ་རང་སྟེང་གི་ཁྱད་འཕགས་དང་སྣ་མང་ཅན་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར།

ཏུའུ་ཐི་ཨར་ཐི་ཡིས་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་ཐོག་མར་བཙུགས་པ་ནས་བཟུང་ཕྱི་ཕྱོགས་ཀྱི་གྲོགས་པོའི་བར་དོན་སྙིང་ལྡན་ཞིང་འཛུགས་སྐྲུན་རང་བཞིན་ལྡན་པའི་འབྲེལ་འདྲིས་བྱས་པ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་མུ་མཐུད་དུ་འཛམ་གླིང་ཧྲིལ་བོར་འབྲེལ་འདྲིས་བྱེད་རྒྱུ་ཡིན་ཟེར།

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་སྟེང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པས་གཞི་གཅིག་ཅན་གྱི་འཛུགས་སྐྲུན་འཕེལ་རིམ་གནད་དོན་ལ་གྲོས་བསྡུར་བྱས། མཐོ་རིམ་གྲོས་ཚོགས་ཀྱི་རྗེས་སུ་ད་རུང་ཨེ་ཤ་ཡཱ་ཤར་ལྷོའི་མཉམ་ལས་མགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པ་སྤེལ་རྒྱུ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།